འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སྔོན་མའི་བསླབ་བྱ་རྟོགས་པར་བྱས་ནས་བསྐྱར་དར་དོན་དུ་གཉེར་ནས་ལོ་རྒྱུས་མ་བརྗེད་
    པར་མྱ་ངན་གྱི་བསམ་པ་མཚོན་པར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་15ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་13ཉིན་ནི་ནན་ཅིང་དམར་གསོད་ཆེ་མོའི་རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོ་ཐེངས་བཞི་པ་ཡིན། ས་གནས་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་དྲན་གསོའི་བྱེད་སྒོ་སྤེལ་ནས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་སྙིང་དབུས་ནས་དྲན་གསོ་ཞུས་པ་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་རང་སྲོག་བློས་གཏོང་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་མི་རིགས་ཀྱི་དཔའ་བོར་དྲན་གསོ་ཟབ་མོ་ཞུས་ཏེ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ཞི་བདེར་གཅེས་སྤྲས་བྱེད་པ། བསྐྱར་དར་དོན་དུ་གཉེར་བ་བཅས་ཀྱི་སྲ་ཞིང་བརྟན་པའི་བློ་སྟོབས་མཚོན་པར་བྱས་ཡོད།
         ཚེས་13ཉིན་གྱི་ཆུ་ཚོད་10པར་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་དྲན་གསོ་ཞུ་བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོ་དེ་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་གིས་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་བཏང་བའི་སྤུན་ཟླའི་དྲན་གསོ་ཁང་དུ་གཟབ་རྒྱས་ངང་གཉེར་བ་རེད། ཆུ་ཚོད་10དང་སྐར་མ་1ལ་མཁའ་ཟོན་གྱི་ཉེན་བརྡའི་སྒྲ་དྲག་པོ་ཞིག་ནན་ཅིང་གྲོང་ཁྱེར་གྱི་མཁའ་དབྱིངས་སུ་གྲགས་ཤིང་། ཀྲུང་ཧྲན་གྲུ་ཁ་དང་བྱང་སྣེའི་ཐོག་ཁང་སོགས་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དུར་ས་17དུ་ལས་རིགས་ཁག་གི་མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་དྲན་གསོའི་བྱེད་སྒོ་རང་མོས་ངང་སྒྲིག་འཛུགས་བྱས་ཏེ་མྱ་ངན་གྱི་བསམ་པ་མཚོན་པར་བྱས་ཡོད་པ་རེད།
         ཆུ་ཚོད་15ལ་2017ལོའི་འཛམ་གླིང་ཞི་བདེའི་ཚོགས་མཆོད་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་གིས་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་བཏང་བའི་སྤུན་ཟླའི་དྲན་གསོ་ཁང་གི་རྐྱེན་ལམ་དུ་ཤོར་མཁན་གྱི་མཚན་ཐོའི་གྱང་གི་མདུན་དུ་འཚོགས་ཤིང་། ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་དགེ་འདུན་པ་དང་དགེ་བསྙེན་300ཙམ་གྱིས་རིམ་པ་བཞིན་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་ཞལ་འདོན་བྱེད་པ་དང་། གསོལ་བ་སྨོན་ལམ་འདེབས་པ། སྤོས་འབུལ་བ་བཅས་བྱས་ཏེ་མི་རབས་རྗེས་མས་ལོ་རྒྱུས་དཔྱད་གཞིར་འཛིན་ཏེ་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་དགོས་པའི་བསླབ་བྱ་བྱས་ཡོད། 2003ལོ་ནས་བཟུང་དྲན་གསོ་ཁང་གིས་ལོ་15བསྟུད་མར་འཛམ་གླིང་ཞི་བདེའི་ཚོགས་མཆོད་འཚོགས་པ་རེད།
         དཔྱད་གཞིའི་ཡིག་རིགས་རྩ་ཆེན་ལས་གནས་ཚུལ་ངོ་མ་དམར་རྗེན་དུ་བཏོན་པ།     
         དེ་ཉིན་བདུན་གསུམ་གཅིག་བཤམས་སྟོན་ཁང་གིས་ཧེ་ལུང་ཅང་ཞིང་ཆེན་ཨན་ཏཱ་གྲོང་ཁྱེར་དུ“ལོ་རྒྱུས་མ་བརྗེད་པ་དང·འབད་འབུངས་མདུན་སྐྱོད་བྱེད་དགོས”ཞེས་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། 《ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་གི་དཔུང་སྡེ་ཨང་བདུན་གསུམ་གཅིག་གི་ཉེས་དཔང་འགྲེམས་སྟོན་》ཨན་ཏཱ་གྲོང་མིའི་སྤྱི་པའི་ཞབས་ཞུ་ལྟེ་གནས་སུ་དངོས་སུ་བྱས་ཏེ་རི་དམག་གིས་འབུ་ཕྲའི་དམག་འཐབ་དཔུང་སྡེ་འཛུགས་པ་དང་འབུ་ཕྲའི་དམག་འཐབ་ཀྱི་ལྐོག་གཡོ་ལག་བསྟར་བྱ་རྩིས་ཡོད་པ་མངོན་པར་བྱས་པ་དང་ཐེར་འདོན་བྱེད་པ་དང་། དཔུང་སྡེ་ཨང་བདུན་གསུམ་གཅིག་གིས་འབུ་ཕྲའི་ཞིབ་འཇུག་བྱེད་པ་དང་ཆབས་ཅིག་བདེ་མ་ཐང་མ་ཡིན་པའི་མི་གསོན་པོའི་ལུས་ལ་གཞི་ཁྱོན་ཆེ་བའི་ཚོད་ལྟ་བྱས་པའི་སྡིག་ཉེས་ཀྱི་བྱེད་སྤྱོད་དམར་རྗེན་དུ་བཏོན་ཡོད་པ་རེད།
         《ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་གིས་སུང་ཧུའུ་ས་ཁུལ་དུ་གཏུམ་སྤྱོད་ཀྱི་བྱེད་སྤྱོད་སྤེལ་བའི་དངོས་པོ་དངོས་ཀྱི་འགྲེམས་སྟོན་》ཚེས་12ཉིན་ཧྲང་ཧའེ་སུང་ཧུའུ་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་འགོ་ཚུགས་ཤིང་། དངོས་པོ་དངོས་ཀྱི་ལོ་རྒྱུས་དཔྱད་གཞི་བརྒྱ་ཙམ་ཚང་མ་ནི་ཕྱི་ཕྱོགས་སུ་སྟོན་ཐེངས་དང་པོ་ཡིན་པ་དེའི་ནང་རྩ་ཆེའི་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་རིགས་76དམག་འཁྲུག་རྗེས་ཀྱི“ནན་ཅིང་དམག་དོན་ཁྲིམས་རའི”འདྲི་གཅོད་དཔོན་ཧྲི་མའེ་ཡུས་ཀྱི་མི་རབས་རྗེས་མ་སྐུ་ཞབས་ཧྲི་ནན་དབྱང་གིས་ཞལ་འདེབས་ཕུལ་བ་ཞིག་རེད།
         ཞི་བདེ་སྲུང་སྐྱོང་བྱས་ནས་བསྐྱར་དར་དོན་དུ་གཉེར་བ།
         ཚེས་13ཉིན་གྱི་སྔ་དྲོ་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་གིས་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་དྲན་གསོ་ཞུ་བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། “རི་མོའི་ལམ་ལས་ལོ་རྒྱུས་མཚོན—ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་གིས་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་སྤུན་ཟླ་རྐྱེན་ལམ་དུ་བཏང་ནས་ལོ་80འཁོར་བའི་སྤྱི་མཆོད་ཀྱི་སྒྱུ་རྩལ་བརྩམས་ཆོས་ཀྱི་དམིགས་བསལ་འགྲེམས་སྟོན”དངོས་སུ་བྱས་ཤིང་། རྒྱལ་སའི་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཆིག་སྟོང་ཙམ་དྲན་གསོའི་བྱེད་སྒོར་ཞུགས་པ་རེད།
         1987ལོར་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་སྤུན་ཟླ་རྐྱེན་ལམ་དུ་ཤོར་ནས་ལོ་50འཁོར་བར་དྲན་གསོ་ཞུ་ཆེད། ཨ་རིའི་ཉིའུ་གཡོད་ཀྱི་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་སྤུན་ཟླར་དྲན་གསོ་ཞུ་བའི་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་ཁྲེན་ཤན་ཀྲུང་གིས་ཆེད་མངགས་ཀྲུང་གོའི་སྒྱུ་རྩལ་མཁས་ཅན་ཁག་གཅིག་སྒྲིག་འཛུགས་བྱས་ནས་སྒྱུ་རྩལ་བརྩམས་ཆོས་སྣ་ཚོགས་80ལྷག་ཙམ་གསར་རྩོམ་བྱས་པ་དང་ཆབས་ཅིག་ཨ་རིར་འགྲེམས་སྟོན་བྱས་པར་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། “དེ་ཉིན་སྐུ་ཞབས་ཁྲེན་ཤན་ཀྲུང་གིས་བརྩམས་ཆོས་དེ་དག་རིན་མེད་ངང་ཀྲུང་གོའི་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་ཞལ་འདེབས་སུ་ཕུལ་བ་རེད”ཅེས་ཀོན་ཀྲང་ལི་ཙུང་ཡོན་གྱིས་ངོ་སྤྲོད་བྱས།
          ཧྲེན་དབྱང་དུ“དགུ་གཅིག་བརྒྱད”ལོ་རྒྱུས་དངོས་མང་སྟོན་ཚོགས་ཁང་དུ“ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ཞི་བདེར་གཅེས་འཛིན་བྱེད་ཅེས་པའི་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་དྲན་གསོ་ཞུ་བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོའི”བྱེད་སྒོ་སྤེལ་བ་རེད། ཀོང་ཏུང་དུ་ཞིང་ཆེན་ཚོད་ལྟའི་ཞོར་གཏོགས་སློབ་འབྲིང་གི་དགེ་སློབ་3000གིས་ཚོན་མདོག་ཧར་པོ་མེད་པའི་གྱོན་གོས་གྱོན་ཏེ་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་ཐང་དུ་འདུ་འཛོམས་བྱས་ནས“རྒྱལ་ཁབ་ཀྱི་མཚན་ཤས་བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭའི་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པའི་སྤྱི་མཆོད་བྱེད་སྒོ་གཟབ་རྒྱས་ངང་གཉེར་བ་རེད། ཧོ་པེ་ཧྲི་ཅ་ཀྲོང་བཅིངས་འགྲོལ་དྲན་གསོ་ཁང་དང་། ཀའོ་གྲོང་གི“དཔྱིད་མགོའི་མེ་ཏོག་གི་དམར་གསོད་དོན་རྐྱེན”གྱི་དྲན་གསོ་ཁང་། གཏེར་ཁུལ་གྱི“མི་ཁྲི་སྦས་པའི་ས་དོང”གི་དྲན་གསོ་ཁང་། ཙན་ཧོང་ཐའེ་ཧང་དམག་ཁུལ་ཁང་གི་ཡན་ལག་དམག་ཁུལ་དང་པོའི་སི་ལིང་པུའི་གནས་ཡུལ་རྙིང་པ་སོགས་གསར་བརྗེའི་སློབ་གསོའི་རྟེན་གཞིར་དྲག་ཆས་ཉེན་རྟོག་ཧྲི་ཅ་ཀྲོང་གྲོང་ཁྱེར་ཉིང་ལག་རུ་ཁག་གི་དཔོན་དམག་ཚོས་ལོ་རྒྱུས་བསྐྱར་དྲན་བྱེད་པ་དང་། མེ་ཏོག་སི་ར་ཕུལ་བ། དངོས་པོ་དངོས་ལ་ལྟ་སྐོར་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་སྐུ་གཤེགས་པའི་དཔའ་བོར་རྗེས་དྲན་ཞུ་བ་དང་བསྐྱར་དར་དོན་གཉེར་གྱི་ཆོད་སེམས་མངོན་པར་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།