འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རྫོང་རིམ་པའི་སྤྱི་པ་དང་ཇུས་འདོན་ལ་མཁོ་བའི་གནམ་གཤིས་ཞབས་ཞུ་ཁྱབ་
    ཚད་100%ཟིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་15ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མིག་སྔར། བོད་ལྗོངས་གནམ་གཤིས་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་གནམ་གཤིས་ཅུས་33གསར་འཛུགས་ལས་འགན་ལེགས་སྒྲུབ་བྱས་ནས་ལྗོངས་ཡོངས་ཀྱི་རྫོང་73ཚང་མར་གནམ་གཤིས་གཙོ་གཉེར་སྒྲིག་གཞི་ཁྱབ་པའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གསར་དུ་བཙུགས་པའི་རྫོང་གནམ་གཤིས་ཅུས་ཀྱི་ལས་སྒོའི་འཛུགས་སྐྱོང་དེ་ལྟ་དཔྱད་ཚད་ལེན་རང་འགུལ་ཅན་དང་། ལས་སྒོ་གཞི་གཅིག་ཅན། ཞབས་ཞུ་ཁྱད་ལྡན་ཅན་བཅས་ཀྱི་བླང་བྱ་གཞིར་བཟུང་འཛུགས་སྐྱོང་བྱས་ཤིང་། བསྐྲུན་ཟིན་རྗེས་གཙོ་བོ་སྤྱི་པའི་གནམ་གཤིས་ཞབས་ཞུ་དང་། གནམ་གཤིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། སྒྲིག་བཀོད་སྲུང་སྐྱོང་། ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས། སྤྱི་ཚོགས་དོ་དམ་སོགས་ཀྱི་ལས་འགན་འཁུར་རྒྱུ་ཡིན་པ་རེད།
          ཉེ་ཆར། མེ་ཏོག་རྫོང་གནམ་གཤིས་ཅུས་བཙུགས་ནས་དངོས་སུ་ལས་གཉེར་བྱས་པ་དང་བསྟུན་ནས། བོད་རང་སྐྱོང་ལྗོངས་གནམ་གཤིས་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་རྫོང་གནམ་གཤིས་ཅུས་33འཛུགས་ལས་འགན་ལེགས་སྒྲུབ་བྱས་ལ། ལྗོངས་ཡོངས་ཀྱི་རྫོང་73ཚང་མར་གནམ་གཤིས་གཙོ་གཉེར་སྒྲིག་གཞི་ཁྱབ་པའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ནས་རྫོང་རིམ་པའི་སྤྱི་པ་དང་ཇུས་འདོན་ལ་མཁོ་བའི་གནམ་གཤིས་ཞབས་ཞུ་ཁྱབ་ཚད་100%ཟིན་ཡོད་པ་རེད།
          རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ལྷག་སྒྲོན་གྱིས། 2012ལོའི་གོང་དུ། ལྗོངས་ཡོངས་ཀྱི་རྫོང་(ཆུས)40ལ་མ་གཏོགས་གནམ་གཤིས་ཅུས་བཙུགས་མེད་པས་གཞི་རིམ་གྱི་སྤྱི་པའི་གནམ་གཤིས་ཞབས་ཞུ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ལས་དོན་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། 2012ལོའི་ཟླ་8པར། ཀྲུང་གོ་གནམ་གཤིས་ཅུས་དང་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཞིང་ཆེན་དང་པུའུ་ཡི་མཉམ་ལས་གྲོས་མཐུན་བཞག་ནས་གནམ་གཤིས་ཅུས་མེད་པའི་རྫོང་33དུ་རྫོང་རིམ་པའི་གནམ་གཤིས་སྒྲིག་གཞི་འཛུགས་རྒྱུའི་གྲོས་འགོ་བཏོན་པ་དང་སྦྲགས། གནམ་གཤིས་སྡེ་ཚན་གྱི“སྒྲིག་གཞི་དང་། མི་སྣ། སྒྲིག་ཆས། ཞབས་ཞུ”བཅས་བཞི་སྔོན་ལ་འབྱོར་བ་དང་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཛུགས་སྐྲུན་བྱེད་པའི་བྱེད་སྟངས་སྤྱད་དེ། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ཉིད་རྫོང་གནམ་གཤིས་ཅུས་འཛུགས་པའི་ཚོད་ལྟའི་རྫོང་དུ་གཏན་འཁེལ་བྱས་ནས་སྔོན་ལ་ཚོད་ལྟ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ། རྫོང་རིམ་པའི་གནམ་གཤིས་སྒྲིག་གཞི་གསར་དུ་འཛུགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུར་ཚན་རིག་དང་མཐུན་པའི་བསམ་ཕྱོགས་དང་བྱེད་ཐབས་ནུས་ལྡན་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          ལྷག་སྒྲོན་གྱིས། རྫོང་རིམ་པའི་གནམ་གཤིས་སྒྲིག་གཞིས་ཁྱོན་ཡོངས་ལ་ཁྱབ་པ་དེས་བོད་ལྗོངས་ཀྱི་གཞི་རིམ་གནམ་གཤིས་ཞབས་ཞུའི་ནུས་པ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་རྒྱུ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཁྲོད་ཀྱི་གནམ་གཤིས་ལས་དོན་གྱི་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གནམ་གཤིས་ཞབས་ཞུའི་ཐད་ཀྱི་རིམ་ཁག་སྲིད་གཞུང་དང་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་སྔར་བས་སྐོང་རྒྱུ་བཅས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།