འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུའུ་ཡིས་2018ལོར་རྒྱལ་ཡོངས་སུ་སློབ་གྲྭ་ཆེ་མོ་བ་ཐོན་མཁན་ཁྲི་820འདུག་
    ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་ལྟར་ན། 2018ལོར་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ་སྔོན་རྩིས་བྱས་ན་མི་ཁྲི་820ཡོད་པས་ལས་ཞུགས་ལས་གཏོད་ཀྱི་ལས་དོན་རྙོག་འཛིང་ཆེ་ཞིང་ཛ་དྲག་པོ་ཡོད་པ་རེད།
         ཟླ་12ཚེས་6ཉིན། 2018ལོའི་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དྲ་རྒྱའི་བརྙན་ལམ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། སློབ་གསོ་པུའི་ཏང་ཙུའི་ཁོངས་མི་དང་པུའུ་ཀྲང་གཞོན་པ་ལིན་ཧུད་ཆིང་གིས་ཚོགས་འདུའི་ཐོག་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་གནད་དོན་དེ་རྒྱ་ཆེའི་སློབ་མ་དང་དེ་བཞིན་ཁྱིམ་བདག་གི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་དང་ཡང་འབྲེལ་བ་དམ་ཟབ་ཡོད་པས་གཤམ་གསལ་གྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པའི་ནན་བཤད་བྱས་པ་སྟེ།
         གཅིག་ནས་གཞི་རིམ་དུ་ལས་ཞུགས་བྱེད་པའི“བརྗོད་དོན་གཙོ་བོ”མཆོག་ཏུ་འཛིན་དགོས་པ་སྟེ། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ནས་སློབ་ཐོན་སློབ་མ་གཞི་རིམ་གྱི་འཐབ་ས་མདུན་མར་ལས་ཞུགས་ལས་གཏོད་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། གཞི་རིམ་དུ་ལས་ཞུགས་བྱེད་པའི་སློབ་ཡོན་གསབ་སྤྲོད་དང་ཚབ་འཇལ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས་ནས“དགེ་རྒན་གྱི་དམིགས་བསལ་ལས་གནས་འཆར་གཞི”སོགས་ཀྲུང་དབྱང་གི་གཞི་རིམ་རྣམ་གྲངས་མུ་མཐུད་སྒྲིག་འཛུགས་ལྡན་པའི་ངང་ལག་ལེན་བསྟར་ཏེ་སློབ་ཐོན་སློབ་མས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་མ་གཏོང་དགོས། ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ཀྱི“ལས་ཞུགས་བསྡུ་ལེན”གྱི་ནུས་པ་འདོན་སྤེལ་བྱས་ནས་ཁེ་ལས་ལ་ལས་མི་བསྡུ་བའི་མཚམས་སྦྱོར་རོགས་རམ་བྱེད་དགོས།
          གཉིས་ནས་རྒྱལ་ཁབ་ཀྱི་དགོས་མཁོའི“ལས་སྟེགས་ཆེན་པོར”ཞབས་འདེགས་ཞུ་དགོས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་ཁའེ་སློབ་ཆེན་གྱི་དམག་གསར་སློབ་གྲྭ་ཆེན་མོ་བར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་དོན་འཁྱོལ་བྱས་ནས་སློབ་གྲྭ་ཆེ་མོ་བ་དམག་སྒར་ནང་ཞུགས་ནས་མེས་རྒྱལ་ལ་དྲིན་ལན་འཇལ་རྒྱུར་ཁྲིད་སྟོན་བྱེད་དགོས། ས་ཁུལ་གཙོ་བོ་དང་། འདུ་འགོད་གལ་ཆེན། རྣམ་གྲངས་གལ་ཆེན། ཁྱབ་ཁོངས་གལ་ཆེན་བཅས་སུ་རང་འགུལ་ངང་སློབ་ཐོན་སློབ་མ་བཏང་ནས་མཐོ་གསར་ལག་རྩལ་ཐོན་ལས་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་སོགས་གསར་དར་ཁྱབ་ཁོངས་སུ་ལས་ཞུགས་ལས་གཏོད་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། སློབ་ཐོན་སློབ་མ་རྒྱལ་སྤྱིའི་རྩ་འཛུགས་སུ་དངོས་སྦྱོང་བྱས་ནས་ལས་གནས་འཁུར་དུ་འཇུག་རྒྱུར་ལྕག་སྐུལ་བྱེད་དགོས།
         གསུམ་ནས་གསར་གཏོད་ལས་གཏོད་ཀྱི“སྒུལ་ནུས་གསར་པ”གཅིག་ཏུ་འགྲིལ་དགོས་པ་སྟེ། གསར་གཏོད་ལས་གཏོད་ཀྱི་སློབ་གསོ་སྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་བཏང་ནས་གསར་གཏོད་ལས་གཏོད་ཀྱི་སློབ་གསོ་དེ་ཤེས་ལྡན་པ་གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། གསར་གཏོད་ལས་གཏོད་ཀྱི་སློབ་དུས་སྐར་གྲངས་གསོག་པ་དང་། བརྗེ་སྒྱུར། བབ་བསྟུན་སློབ་དུས་ཀྱི་དོ་དམ་སོགས་ཀྱི་སྲིད་ཇུས་ཞིབ་ཕྲ་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་སློབ་གྲྭ་ཆེན་མོ་བར་གསར་གཏོད་ལས་གཏོད་བྱ་ཡུལ་དང་། མ་དངུལ། མཛུབ་ཁྲིད། ཞབས་ཞུ་སོགས་ཐད་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་དགོས།
          བཞི་ནས་སྤྱི་འདོམས་མཉམ་འགུལ་ངང“མིག་མངས་འགྲིག་སྐོར་གཅིག”ཡག་པོ་རྒྱག་དགོས་པ་སྟེ། མཐོ་སློབ་ཁྱབ་ཁོངས་ཀྱི་བཀོད་སྒྲིག་དང་། རིག་ཚན་གྱི་ཆེད་ལས། བང་རིམ་དང་རིགས་དབྱེའི་བབ་བསྟུན་ལེགས་སྒྲིག་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རིགས་ཁག་དང་བང་རིམ་སོ་སོའི་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཀྱི་ཐོན་ཁུངས་སྤྱད་ནས་མཉམ་དུ་མི་སྣ་གསོ་སྐྱོང་བྱེད་དགོས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སྤུས་ཚད་ཀྱི་ལོ་འཁོར་སྙན་ཞུའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལས་ཞུགས་དང་སློབ་བསྡུའི་འཆར་གཞི་དང་ཤེས་ལྡན་པ་གསོ་སྐྱོང་གི་མཉམ་འགུལ་ལམ་སྲོལ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།