འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་སྐུ་ཚབ་ཚོགས་པས་ཨ་རིར་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་འཛིན་རྣམ་རྒྱལ་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་སྐུ་ཚབ་ཚོགས་པའི་སྣེ་འཁྲིད་དེ་ཚེས་2ཉིན་ནས་ཚེས་6ཉིན་བར་ཨ་རིར་འཚམས་འདྲི་བྱས་པ་རེད། པོ་ཧྲི་ཏུན་དུ་སྐུ་ཚབ་ཚོགས་པས་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་། ཕྱི་སྦྱོང་སློབ་མའི་འཐུས་མི། བོད་རིགས་སྤུན་ཟླ་བཅས་དང་བཞུགས་མོལ་གནང་བ་དང་། མཱ་ས་ཀྲུའུ་སེ་ཀྲོའུ་ཡི་གྲོས་ཁང་འོག་མའི་ལས་རོགས་གྲངས་མང་ཏང་གི་གཙོ་འཛིན་སོགས་སྲིད་དོན་མི་སྣ་གལ་ཆེན་དང་མཇལ་འཛོམས་གནང་བ་དང་། ཝ་ཧྲིང་ཐོན་དུ་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་གྲོས་མི་ཏའེ་ཨན་སི་དང་པ་ལ་སུའོ་དང་གྲོས་མོལ་གནང་བ། རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི“ཨ་རི་དང་ཀྲུང་གོའི་ལས་དོན་ཚོགས་ཆུང”གི་ཐུན་མོང་ཀྲུའུ་ཞི་ལཱ་ཧུའུ་ཏེ་དང་གྲོས་ཁང་འོག་མའི་གྲོས་མི་ལཱ་སན་དང་སོ་སོར་མཇལ་འཛོམས་གནང་བ་མ་ཟད། འབྲེལ་ཡོད་རྒྱལ་ཚོགས་ཀྱི་གྲོས་མིའི་ལས་རོགས་དང་མཁས་དབང་དང་བཞུགས་མོལ་ཡང་གནང་བ་རེད།
         ཨ་རི་ཕྱོགས་དང་མཇལ་འཛོམས་གནང་སྐབས། བསྟན་འཛིན་རྣམ་རྒྱལ་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། རིང་མིན་གོང་ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་ལེགས་འགྲུབ་བྱུང་ནས་ཕྱོགས་གཉིས་པོས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་བྱུང་བས་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཐད་ཤུགས་ཆེའི་སྒུལ་ཤུགས་གསར་པ་བསྣན་ཡོད། སྐུ་ཚབ་ཚོགས་པས་ད་ཐེངས་འཚམས་འདྲི་གནང་བ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ངོས་འཛིན་གཅིག་མཐུན་དོན་འཁྱོལ་བྱས་ནས་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་ལས་ཁུངས་དབར་འགྲོ་འོང་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་ཞེས་གསུངས།
         བསྟན་འཛིན་རྣམ་རྒྱལ་གྱིས་ཀྲུང་གོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་དེ་བཞིན་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་ལག་བསྟར་བྱེད་ཚུལ་གཙོ་གནད་ཐོག་ངོ་སྤྲོད་གནང་བ་རེད། ཁོང་གིས་ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པ་ལྟར། ཁྱེད་རྣམས་བོད་དུ་ཡུལ་དངོས་སུ་འཚམས་འདྲིར་ཕེབས་ནས་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས། ཨ་རི་ཕྱོགས་ཀྱིས་བོད་དུ་ཁྱད་ལྡན་གྱི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་ལྡན་ཡོད་པས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་དེ་འདྲ་སྒྲུབ་པ་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཡག་པོ་ཐུབ་པ་ཤེས་རྟོགས་བྱུང་བས་དགའ་ཚོར་ཆེན་པོ་བྱུང་། སླད་ཕྱིན་གོ་སྐབས་བྱུང་ཚེ་བོད་དུ་འཚམས་འདྲིར་བསྐྱོད་ནས་ཕྱོགས་གཉིས་པོའི་སྤེལ་རེས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།
         སྐུ་ཚབ་ཚོགས་པས་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་། ཕྱི་སྦྱོང་སློབ་མའི་འཐུས་མི། བོད་རིགས་སྤུན་ཟླ་བཅས་ལ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ངོ་སྤྲོད་གནང་བ་རེད། བསྟན་འཛིན་རྣམ་རྒྱལ་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། རིག་གནས་རྒྱུན་འཛིན། ཁོར་ཡུག་སྲུང་སྐྱོང་སོགས་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པས་བོད་ཀྱི་སླད་ཕྱིན་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་བོད་ཀྱི་མི་དམངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཕྱོགས་སུ་གོམ་སྟབས་གཅིག་མཚུངས་ངང་བསྐྱོད་རྒྱུ་རེད། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་། ཕྱི་སྦྱོང་སློབ་མའི་འཐུས་མི། བོད་རིགས་སྤུན་ཟླ་བཅས་ཀྱིས་བོད་ལ་ཐོབ་པའི་གྲུབ་འབྲས་ལ་ཧང་སངས་ནས་བོད་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཨ་རིའི་སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་ངོ་སྤྲོད་བྱས་ཏེ་མི་དེ་བས་མང་བས་ཀྲུང་གོ་ཤེས་རྟོགས་ཐུབ་པ་དང་བོད་ཤེས་རྟོགས་ཐུབ་པ་བྱ་རྒྱུའི་འོས་འགན་ཡོད་ཅེས་བཤད།
         སྐུ་ཚབ་ཚོགས་པས་ད་དུང་སྨྱན་སྦྱོར་གྱི་མཉམ་སྡེབ་བཅར་འདྲི་དང་ལེན་ཞུས་ནས་ད་ཐེངས་འཚམས་འདྲིའི་གནས་ཚུལ་ངོ་སྤྲོད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།