འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིས་དབྱི་སི་རལ་གྱི་རྒྱལ་ས་ཅེ་རུས་ས་ལེམ་ཡིན་པ་ཁས་བླངས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་
    ངོ་རྒོལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་6ཉིན། ཨ་རིས་དབྱི་སི་རལ་གྱི་རྒྱལ་ས་ཅེ་རུས་ས་ལེམ་ཡིན་པ་ཁས་བླངས་པ་མ་ཟད་དབྱི་སི་རལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དེ་ཉིད་ཐེ་ལ་ཝུའེ་ཕུའུ་ནས་ཅེ་རུས་ས་ལེམ་དུ་སྤོ་རྩིས་ཡོད་པ་ཁྱབ་བསྒྲགས་བྱས་རྗེས། མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཅིབ། དབྱིན་ཇི་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་ཁབ་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ངོ་རྒོལ་བྱས་ཏེ་བྱ་སྤྱོད་དེས་ས་ཁུལ་གྱི་བརྟན་ལྷིང་ལ་ཉེན་ཁ་བཟོ་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་སྨྱན་སྦྱོར་ལ་གཏམ་བཤད་བྱེད་སྐབས། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་མདུན་ལམ་ལ་ཉེན་ཁ་བཟོ་སྲིད་པའི་ཕྱོགས་རྐྱང་པའི་བྱེད་ཐབས་གང་རུང་ལ་ངས་སྔར་ནས་ཡོངས་བསྒྲགས་ངང་ངོ་རྒོལ་བྱེད་ཀྱི་ཡོད། ཅེ་རུས་ས་ལེམ་གྱི་གནས་བབ་གནད་དོན་དེ་ངེས་པར་དུ་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀས་རང་རང་གི་ལུགས་མཐུན་ཁེ་ཕན་ལ་ལྟ་རྟོག་བྱེད་པའི་རྨང་གཞིའི་ཐོག་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་ཐད་ཀར་གྲོས་མོལ་བྱས་ཏེ་ཐག་གཅོད་བྱེད་དགོས། “རྒྱལ་ཁབ་གཉིས་པོའི་ཇུས་གཞི”མ་གཏོགས་གདམ་ག་གཞན་མེད་ཅེས་བརྗོད་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཧྥ་རན་སེའི་སྐུ་ཚབ་ཚོགས་པས་ཧྥ་རན་སེ་དང་། དབྱིན་ཇི། ཨེ་ཅིབ་སོགས་རྒྱལ་ཁབ་8ཀྱི་འབོད་སྐུལ་འོག་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་8ཉིན་དེའི་ཐད་ཛ་དྲག་ཚོགས་འདུ་འཚོག་རྒྱུ་རེད་ཅེས་བཤད་པ་རེད།
         ཨེ་ཅིབ་ཕྱི་འབྲེལ་པུས་གསལ་བསྒྲགས་སྤེལ་ནས་ཐེ་རོན་ཕུའི་བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལས་བརྒལ་བའི་ཕྱོགས་རྐྱང་པའི་ཐག་གཅོད་ཅིག་རེད། ཐག་གཅོད་དེས་ས་ཁུལ་གྱི་བརྟན་ལྷིང་ལ་བཟོ་སྲིད་པའི་ཤུགས་རྐྱེན་ཐད་ཨེ་ཅིབ་ཕྱོགས་ལ་སེམས་ཁྲལ་ཆེན་པོ་བཟོས་བྱུང་ཞེས་བཤད་པ་རེད།
        དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལེ་ཧྲ·མའེ་ཡིས་གསལ་བསྒྲགས་སྤེལ་ནས་དབྱིན་ཇིས་ཨ་རིའི་ཐག་གཅོད་དེར་མོས་མཐུན་བྱེད་ཀྱི་མེད། ཐག་གཅོད་དེས་ས་ཁུལ་གྱི་ཞི་བདེར་ཕན་ཐོགས་མེད་ཅེས་བཤད་པ་རེད།
         ཅེ་རུས་ས་ལེམ་གྱི་གནད་དོན་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་ལ་འགོག་རྐྱེན་བཟོ་བའི་གནད་འགག་གྲས་ཤིག་རེད། 1967ལོར་དབྱི་སི་རལ་གྱིས་ཅེ་རུས་ས་ལེམ་ཤར་མ་བཙན་བཟུང་བྱས་རྗེས་ཅེ་རུས་ས་ལེམ་ཡོངས་དབྱི་སི་རལ་གྱི“ནམ་ཡང་ཁ་འབྲལ་ཐབས་མེད་པའི་རྒྱལ་ས”ཡིན་ཞེས་ཕྱོགས་རྐྱང་པས་བཤད་ཅིང་། ཡིན་ནའང་ཕ་ལེ་སི་ཐན་ཕྱོགས་ཀྱིས་ཅེ་རུས་ས་ལེམ་ཤར་མ་དེ་ཉིད་རྒྱལ་སར་བྱས་པའི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་བསྐྲུན་རྒྱུའི་རེ་བ་བཏོན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་དབྱི་སི་རལ་ལ་ཅེ་རུས་ས་ལེམ་གྱི་བདག་དབང་ཡོད་པ་ཁས་ལེན་གྱི་མེད་པ་དང་། དབྱི་སི་རལ་དང་ཕྱི་འབྲེལ་འབྲེལ་བ་ཡོད་པའི་རྒྱལ་ཁབ་མང་པོ་ཞིག་གིས་གཞུང་ཚབ་ཆེ་མོ་ཁང་ཐེ་ལ་ཝུའེ་ཕུའུ་རུ་བཙུགས་པ་ལས་ཅེ་རུས་ས་ལེམ་དུ་བཙུགས་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།