འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་ཇུས་བཟང་པོ་ཡོད་པས་ང་ཚོས་དེ་བས་རང་སྟོབས་རང་སྤེལ་བྱེད་དགོས།

    —— བོད་ལྗོངས་ཉིང་ཁྲིའི་བོད་རིགས་མང་ཚོགས་ཀྱིས་འབྱོར་འབྲིང་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           “ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བར་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་ཁ་བྲལ་ཐབས་མེད་ལ་ང་ཚོས་དེ་བས་རང་སྟོབས་རང་སྤེལ་བྱེད་དགོས་ངེས་རེད། “དུས་སང་ཁྱེད་རང་སླར་ཡང་ཕེབས་ན་ང་ཚོའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཁྱེད་ཀྱི་མིག་ལམ་དུ་མངོན་སྲིད”ཅེས་ཉིང་ཁྲི་སྨན་གླིང་རྫོང་བམ་གྲོང་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཨོ་རྒྱན་ཚེ་རིང་གིས་གསར་འགོད་པར་བཤད།
          བམ་གྲོང་གྲོང་ཚོ་ཉིང་ཁྲི་སྨན་གླིང་གནམ་ཐང་གི་ཉེ་འགྲམ་དུ་གནས་ཤིང་། བོད་རིགས་དང་། ལྷོ་པ་རིགས། རྒྱ་རིགས་བཅས་མཉམ་སྡོད་ཀྱི་གྲོང་ཚོ་ཞིག་རེད། གྲོང་ཚོ་ཡོངས་ལ་དུད་ཚང་165དང་མི་605ཡོད་པ་ནི་སྨན་གླིང་རྫོང་གི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“ཤེས་དཔལ་གྲོང་ཚོ”དང“དུས་བདེའི་གྲོང་ཚོ”ཞིག་རེད།
          གཙང་ལ་གྲལ་བསྒྲིགས་པའི་བོད་ལུགས་སྒོ་ར་དང་། འཕྲེད་གཞུང་སྣོལ་མའི་ཨར་འདམ་ལམ། བུ་བཅོལ་ཁང་གསར་པ། དེང་རབས་ཅན་གྱི་ཚོང་ཁང་། དུད་ཚང་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་བཅས་ལས་གྲོང་གསེབ་གསར་པའི་རྣམ་པ་གསར་པ་མངོན།
         “ང་ཚོས་འབོད་སྐུལ་དང་ལེན་གྱིས་སྲིད་ཇུས་བཟང་པོར་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། མང་ཚོགས་ཕྱུག་འགྱུར་ཕྱོགས་སུ་སྣེ་ཁྲིད་ཐུབ་པའི་ཡིད་ཆེས་ཆེན་པོ་ཡོད”ཅེས་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཨོ་རྒྱན་ཚེ་རིང་གིས་བཤད།
         དབུལ་སྒྲོལ་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་སྐོར་གླེང་སྐབས་གྲོང་མི་ཚོར་བརྗོད་རྒྱུ་མང་པོ་འདུག གྲོང་མི་བཀྲ་ཤིས་དོན་གྲུབ་ཀྱི་དེ་ཙམ་བདེ་པོ་མེད་པའི་རྒྱ་སྐད་ལས་གསར་འགོད་པས་ཤེས་རྟོགས་བྱུང་བར། 2020ལོར་སླེབས་སྐབས་བམ་གྲོང་གྲོང་ཚོ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་ཐུབ་ངེས་ཡིན་ཏེ། སྐྱེལ་འདྲེན་དང་། གླ་པ་རྒྱུག་པ། ཁྱིམ་ཚང་ཡུལ་སྐོར་གཉེར་བ། ནགས་ཁྲོད་ཐོན་ཁུངས་འཚོལ་བསྡུ། ཚོང་ལས་བཟའ་བཏུང་འཕེལ་རྒྱས་སོགས་ཐབས་ལམ་མང་པོ་ཡོད་པས་རེད།
         “དེས་མ་ཚད་ང་ཚོར་ད་དུང་ཐོན་ལས་དང་། ཤ་ཚལ་སྒོང་གསུམ་གྱི་འདུ་འགོད། མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་རྣམ་གྲངས། གནམ་ཐང་ཚོང་དོན་ཟོག་འདྲེན་ཁུལ། ཅང་ཤིན་ཏའོ་གླིང་ཕྲན་ཚན་རྩལ་དཔེ་སྟོན་ཁུལ། ཨར་ཁང་འགྲེམས་སྟོན་རྣམ་གྲངས་སོགས་ཡོད་པས་གྲོང་ཚོའི་མི་ཚང་མ་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་བཞིན་ཡོད”ཅེས་གྲོང་ཚོའི་ཀྲུའུ་རེན་ནོར་བུས་ཁ་གསབ་བྱས་ཏེ་བཤད།
         ཐོན་ལས་ཀྱིས་ལས་ཞུགས་ལ་སྣེ་ཁྲིད་ཐུབ་པ་མ་ཟད། དབུལ་སྒྲོལ་ལ་སྐུལ་འདེད་གཏོང་ཐུབ། ངོ་སྤྲོད་བྱས་པར་གཞིགས་ན། 2016ལོའི་ལོ་མཇུག་བར། བམ་གྲོང་གྲོང་ཚོའི་མང་ཚོགས་ཀྱི་ལོ་རེར་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་16900ཟིན་གྱི་ཡོད་པ་དང་། གྲོང་ཚོ་ཧྲིལ་པོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་26ཚང་མ་ཐོན་ལས་དབུལ་སྐྱོར་དང་། ལས་ཞུགས་སྤོ་སྒྱུར། ཆ་སྒྲིག་རོགས་སྐྱོར་བཅས་བྱས་པ་བརྒྱུད་དབུལ་སྒྲོལ་ཐུབ་ཡོད་པ་རེད།
         གྲོང་མི་ཟླ་བའི་བོད་ལུགས་ཐོག་སོ་ཉིས་ཐོག་གི་ཁང་པའི་ནང་དུ་ཚོན་ཁྲ་ཅན་གྱི་བརྙན་འཕྲིན་དང་། འཁྱག་སྒམ། གོས་འཁྲུའི་འཕྲུལ་ཆས། དུག་སེལ་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་གང་དགོས་ཚང་མ་ཡོད་པ་མ་ཟད། སྒེའུ་ཁུང་འགྲམ་གྱི་མེ་ཏོག་སྣ་ཚོགས་ཀྱང་རྣམ་པར་བཀྲ ཟླ་བས་དགའ་ཚོར་ཆེན་པོས“ཏང་གི་སྲིད་ཇུས་བཟང་པོ་དང་རང་སྐྱོང་ལྗོངས་ཀྱི‘བདེ་སྡོད་ལས་གྲྭ’ཡིས་ང་ཚོ་ཁང་པ་ཡག་པོ་འདི་འདྲར་སྡོད་རྒྱུ་བྱུང་བ་དངོས་གནས་རྨི་ལམ་ལྟར་སྣང”ཞེས་བཤད།
          ཟླ་བ་དང་འདྲ་བའི་བམ་གྲོང་གྲོང་ཚོའི་དུད་ཚང་165ཚང་མར་གཅིག་གྱུར་ཐོག་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་བོད་ལུགས་གྲོང་མིའི་སྡོད་ཁང་གསར་པ་བརྒྱབ་ཡོད། “ང་ཚོས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས་པ་མ་ཟད། ད་དུང་མེས་རྒྱལ་གྱི་ཆེད་དུ་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱེད་དགོས། ཡུལ་སྨད་ཀྱི་སྒྲོལ་དཀར་གཅེན་གཅུང་གཉིས་ནི་ང་ཚོའི་མིག་དཔེ་རེད”ཅེས་གྲོང་མི་པད་མས་སྤོབས་པ་ཆེན་པོའི་སྒོ་ནས་བཤད།
          “ཐོན་ལས་ཡོད་ཅིང་འབབ་འཕར་བརྟན་པས་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བཞིན་ཡོད་སྟབས་སེམས་ཧ་ཅང་དགའ་པོ་འདུག”ཅེས་པ་དེ་ནི་བམ་གྲོང་གྲོང་ཚོའི་མང་ཚོགས་ཀྱིས་བརྗོད་མང་ཤོས་ཀྱི་སྐད་ཆ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།