འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།"ཐོན་ལས་དང་དངུལ་རྩ་ཟུང་འབྲེལ"བྱས་ནས་ཀན་སུའུ་ཀན་ལྷོ་ཀྲོའུ་ཡི་ཞིང་འབྲོག་པའི་ཕྱུག་
    འགྱུར་ཕུགས་འདུན་མངོན་འགྱུར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་06ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “དེ་སྔོན་འདི་གར་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་ཞིག་ཡིན། མང་ཚོགས་ཚོས་ལོ་གཅིག་དཀའ་ལས་བརྒྱབ་ཀྱང་རང་ཉིད་ཀྱི་གྲོད་པ་ཡང་རྒྱགས་ཀྱི་མེད། ད་ཆ་དངུལ་བུན་རོགས་སྐྱོར་ཡོད་པས་མཉམ་ལས་ཁང་གི་ཁོངས་མིའི་ཡོང་འབབ་ལྡབ་ཁ་ཤས་འཕར་ཡོད”ཅེས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོས་གྲོང་ཁྱེར་ཁ་གྱ་སྨད་ཤང་རྐེད་ལུ་སྲིད་འཛིན་གྲོང་ཚོའི་དབུལ་སྐྱོར“ཧྲུའུ་ཅི་དང་པོ”མ་ཝན་ཧྥུའུ་ཡིས་ས་སེར་གྲོང་མི་ཚོགས་ཆུང་གི་ལོ་ལྔའི་རིང་གི་འགྱུར་ལྡོག་གླེང་སྐབས་སེམས་འགུལ་ཆེན་པོས་དེ་ལྟར་བཤད།
          ཀན་སུའུ་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་ཡོད་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ནི་ཀན་སུའུ་ཞིང་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོའི་གྲས་ཤིག་ཡིན། 2014ལོར་ས་སེར་གྲོང་མི་ཚོགས་ཆུང་གི་འབྲོག་དུད་9ཡིས་ཞིང་ལས་དངུལ་ཁང་ཀན་ལྷོ་ཀྲོའུ་ཡན་ལག་དངུལ་ཁང་གིས་བཏོན་པའི་སྐྱེད་གསབ་ཞིང་ཕན་དངུལ་བུན་བརྒྱུད། དངུལ་བུན་སྒོར་ཁྲི་45གཡར་བའི་ཐོག་རང་ཉིད་ཀྱིས་གྲབས་གསོག་བྱས་པའི་དངུལ་བསྣན་ཏེ་མ་རྐང་ནང་ཞུགས་པའི་བྱ་ཐབས་ཐོག་ནས་ས་སེར་མཛོ་མོ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང“གཅིག་འགྱུར་ཐོག་ཕྱུགས་འཚོ་བ་དང་། འོ་མ་བཞོ་བ། འོ་མ་འཚོང་བ། གསོ་ཚགས་བཅས”ཀྱི་དོ་དམ་བྱ་ཐབས་ལག་ལེན་བསྟར་ཡོད། མིག་སྔར་མཉམ་ལས་ཁང་དུ་ལག་ཡོད་ཕྱུགས་རིགས་མགོ་གྲངས་125ཡོད་པ་རེད།
         “མཉམ་ལས་ཁང་གིས་ལོ་མཇུག་ཏུ་ཁེ་འབབ་བགོ་བ་དང་དུད་ཚང་རེར་སྒོར་ཁྲི་1ཙམ་རག་གི་ཡོད”2016ལོར་མཉམ་ལས་ཁང་གིས་ས་ཆ་བརྒྱུད་བཤུག་བཏང་སྟེ་སྨན་རྩྭ་མུའུ་བཅུ་ཕྲག་ཁ་ཤས་འདེབས་འཛུགས་བྱས་པ་བརྒྱུད། ལོའི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་30ལྷག་ཙམ་ཟིན་ནས་གྲོང་མི་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་7000ཡན་ཟིན་ཡོད་ཅེས་མཉམ་ལས་ཁང་གི་འགན་འཁུར་བས་གསར་འགོད་པར་བཤད།
         2017ལོའི་ཟླ་8པའི་ཟླ་མཇུག་བར། ཞིང་ལས་དངུལ་ཁང་ཀན་ལྷོ་ཀྲོའུ་ཡན་ལག་དངུལ་ཁང་གི་ཞིང་འབྲོག་པའི་དབུལ་སྐྱོར་དངུལ་བུན་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་37.59བཏང་བར་ཀན་ལྷོ་ཀྲོའུ་ཡི་གྲོང་ཚོ་དབུལ་པོ་ཚང་མར་གཞི་རྩའི་ཆར་ཁྱབ་ཡོད། ཀན་ལྷོ་ཀྲོའུ་ཡི་ཀྲོའུ་ཀྲང་གཞོན་པ་ཁྲེན་ཅང་ཧྥུང་གིས་ཀན་ལྷོ་ཀྲོའུ་ཡིས་དངུལ་རྩའི་འདེགས་སྐྱོར་འོག་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་པར་ཀྲོའུ་དེ་ཡོངས་སུ་ཡུལ་སྐོར་རིག་གནས་ཐོན་ལས་དང་སྣོད་བཅུད་ཞིང་འབྲོག་ལས་སྣེ་འདྲེན་དུ་བྱེད་པ་དང་སྣ་མང་དམངས་ཕྱུག་ཐོན་ལས་མཉམ་དུ་འཕེལ་རྒྱས་འགྲོ་བའི་རྣམ་པ་ཞིག་རགས་ཙམ་ཆགས་ཡོད་ཅེས་ངོ་སྤྲོད་བྱས།
         མིག་སྔའི་བར། ཀན་ལྷོ་ཀྲོའུ་ཡི་ཞིང་འབྲོག་པའི་ཐོན་སྐྱེད་གཉེར་སྐྱོང་གི་རྩ་འཛུགས་ཅན་གྱི་ཚད་གཞི་44%ཟིན་པ་དང་། ཞིང་འབྲོག་པ་ལོ་རེར་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་6414ཟིན་ནས་2011ལོ་དང་བསྡུར་ན་106.5%འཕར་ཡོད། ཀྲོའུ་དེ་ཡོངས་ཀྱི་ཞིང་འབྲོག་གྲོང་ཚོའི་དབུལ་པོ་2011ལོའི་ཁྲི་28.39ནས་2016ལོའི་ཁྲི་5.55བར་ཉུང་དུ་ཕྱིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།