འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥུའུ་ཅན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་གཞུང་ལམ་ལམ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་
    ཁྱབ་གདལ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་06ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཧྥུའུ་ཅན་ཞིང་ཆེན་གྱིས་《གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་གསར་གཏོད་བྱ་རྒྱུའི་སྐོར་གྱི་བསམ་འཆར་》བཏོན་ཏེ་རིམ་ཁག་གྲོང་གསེབ་གཞུང་ལམ་གྱི་དོ་དམ་འགན་འཁྲི་གསལ་བཟོ་བྱས་ནས་རྒྱལ་ཡོངས་སུ་སྔོན་ལ་གྲོང་གསེབ་ཀྱི་གཞུང་ལམ་ལམ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། རྫོང་དང་། ཤང་དང་གྲོང་རྡལ། གྲོང་ཚོ་བཅས་ལ་ཁྱབ་པའི་ལམ་དཔོན་རྩ་འཛུགས་མ་ལག་ཅིག་བཙུགས་པ། འགན་འཁྲི་ཁ་གསལ་དང་། མཐུན་སྦྱོར་གོ་རིམ་ལྡན་པ། ལྟ་སྐུལ་དོ་དམ་ནན་པོ། བྱ་དགའ་དང་ཆད་གཅོད་ནུས་ལྡན་བཅས་ཀྱི་ལམ་དཔོན་དོ་དམ་ལམ་ལུགས་བཙུགས་པ་རེད།
         《བསམ་འཆར་》ནང་། གྲོང་གསེབ་ཀྱི་གཞུང་ལམ་ལམ་དཔོན་ལམ་ལུགས་འཛུགས་རྒྱུ་གསལ་པོར་བསྟན་ཡོད། དེའི་ནང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགན་ཁུར་བ་གཙོ་བོས་སྤྱི་ཁྱབ་ལམ་དཔོན་གྱི་འགན་འཁུར་རྒྱུ་དང་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་གྲོང་མི་ཨུ་ལྷན་གྱི་འགན་ཁུར་བ་གཙོ་བོས་ཁོངས་གཏོགས་ཁུལ་ནང་གི་ཤང་དང་གྲོང་རྡལ་གྱི་ལམ་དཔོན་དང་གྲོང་གསེབ་ཀྱི་ལམ་དཔོན་གྱི་འགན་སོ་སོར་འཁུར་རྒྱུ་རེད། རིམ་པ་ཁག་གི་ལམ་དཔོན་ནི་ཁོངས་གཏོགས་ཁུལ་ནང་གི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་དོ་དམ་དང་། ལམ་ཁོངས་ཁོར་ཡུག་བཅོས་སྒྲིག་བྱེད་པའི་སྤྱི་ཁྱབ་འགན་ཁུར་བ་ཡིན་ཞིང་། མ་དངུལ་གྲབས་གསོག་ཀྱི་འགན་འཁུར་བ་དང་། ཁོངས་གཏོགས་ཁུལ་ནང་གི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་དོ་དམ་དང་བདག་སྐྱོང་ལས་དོན་དོན་འཁྱོལ་བྱ་རྒྱུར་སྒྲིག་འཛུགས་དང་ལྟ་སྐུལ་བྱེད་པ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བཅས་བྱེད་དགོས་ཀྱི་ཡོད། ལོ་ལྟར་ཕུལ་བྱུང་སྤྱི་ཁྱབ་ལམ་དཔོན་དང་། ཕུལ་བྱུང་ཤང་དང་གྲོང་རྡལ་གྱི་ལམ་དཔོན། ཕུལ་བྱུང་གྲོང་ཚོའི་ལམ་དཔོན་བཅས་དཔྱད་འདེམས་བྱེད་པ་དང་དཔྱད་འདེམས་འབྲས་བུ་དེ་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་ཕྱོགས་བསྡུས་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་གཞི་འཛིན་སར་བྱས་ནས“ལམ་དཔོན་ལམ་ལུགས”ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།
         《བསམ་འཆར་》ནང་། ད་དུང་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ཁོངས་གཏོགས་ཁུལ་ནང་གི་གྲོང་གསེབ་གཞུང་ལམ་གྱི་རིམ་པ་དང་། གྲངས་འབོར། ལས་འགན་ཆེ་ཆུང་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་གྲོང་གསེབ་གཞུང་ལམ་གྱི་ཆེད་བསྐོས་དོ་དམ་པ་བཀོད་སྒྲིག་བྱས་ནས་ཤང་དང་གྲོང་ཚོའི་གཞུང་ལམ་གྱི་རྒྱུན་གཏན་གྱི་གཞུང་ལམ་གནས་ཚུལ་སྐོར་ཞིབ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར། གནོད་འཚེའི་ཁྲོད་གཏོར་སྐྱོན་ཐེབས་པའི་ཆ་འཕྲིན་གོང་ཞུ་དང་འགན་བཅོལ་ཁ་གསབ་ལེན་པ་བཅས་ཀྱི་འགན་འཁུར་བ་དང་། དོ་དམ་བདག་སྐྱོང་ཚན་པའི་ལྟ་སྐུལ་དཔྱད་ཞིབ་དང་བཟོ་གྲྭའི་དོ་དམ་ནང་ཞུགས་པ་དང་དུས་ཐོག་ཏུ་གཞུང་ལམ་རྒྱུ་ནོར་དང་གཞུང་ལམ་དབང་ཆར་གནོད་འཚེ་གཏོང་བའི་བྱེད་སྤྱོད་བཀག་འགོག་དང་གོང་ཞུ་བྱས་ཐོག་འགྲིམ་འགྲུལ་ཁྲིམས་འཛིན་སྡེ་ཚན་ལ་ས་གནས་ས་ཐོག་ཏུ་ཁྲིམས་འཛིན་དང་གཞུང་ལམ་དང་འབྲེལ་བའི་རྩོད་གཞི་འདུམ་འགྲིག་སོགས་ཀྱི་ལས་དོན་སྤེལ་རྒྱུར་རམ་འདེགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་ཀྱི་བྱ་ཐབས་ཐོག་ནས་ཆེད་བསྐོས་དོ་དམ་པ་བསྡུ་བ་དང་འབྲེལ་སྐོང་འཐེན་ལམ་ལུགས་ཀྱི་འགུལ་རྣམ་དོ་དམ་བྱེད་པ་དང་། ཟླ་རེར་དཔྱད་ཞིབ་ཐེངས་རེ་བྱས་ཏེ། ཡོང་འབབ་དང་ལས་ཀའི་གྲུབ་འབྲས་དབར་འབྲེལ་བ་འཛུགས་དགོས། རྫོང་རིམ་པའི་འགྲིམ་འགྲུལ་གཙོ་གཉེར་སྡེ་ཚན་གྱིས་རིམ་ཁག་ནོར་སྲིད་ཀྱིས་བཀོད་སྒྲིག་བྱས་པའི་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་སྔོན་རྩིས་ཁྲོད་ནས་བསྡུར་ཚད་5%ལས་མི་བརྒལ་བའི་ཐོག་ནས་ཆེད་བསྐོས་དོ་དམ་པར་གྲོན་དངུལ་ཁ་གསབ་སྤྲོད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།