འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཀྱི་ཁྲིམས་འགལ་ཁུངས་སྣེ་ཐེར་འདོན་བྱེད་པའི་སྐད་འཕྲིན་
    ལས་སྟེགས་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་06ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་12ཚེས་4ཉིན་རྒྱལ་ཡོངས་ཀྱིས་གཅིག་གྱུར་གྱི་12336གི་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཀྱི་ཁྲིམས་འགལ་ཁུངས་སྣེ་ཐེར་འདོན་བྱེད་པའི་སྐད་འཕྲིན་ལས་སྟེགས་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ་རེད། ཐེར་འདོན་པས་སྐད་འཕྲིན་ལས་སྟེགས་བརྒྱུད་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཀྱི་ཁྲིམས་འགལ་ཁུངས་སྣེ་ཐེར་འདོན་བྱེད་ཆོག་པ་དང་། རྒྱལ་ཁབ་ས་ཆ་ཐོན་ཁུངས་ཀྱི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་གཅིག་གྱུར་གྱི་ཚད་ལྡན་བརྒྱུད་རིམ་གཞིར་བཟུང་ཁྲིམས་འགལ་ཁུངས་སྣེ་བསྡུ་རུབ་དང་། གཏན་འཁེལ། ཞིབ་དཔྱད། ཐག་གཅོད་བཅས་བྱ་རྒྱུ་མ་ཟད། ལས་སྟེགས་དེ་བརྒྱུད་འབྲེལ་ཡོད་ཀྱི་འཕེལ་རིམ་ཐེར་འདོན་པར་ལན་རྒྱག་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 12336གི་སྐད་འཕྲིན་ལས་སྟེགས་ཀྱིས་དུས་ཐོག་ཏུ་ཁྲིམས་འགལ་ཁུངས་སྣེ་བསྡུ་ལེན་ཐག་གཅོད་བྱས་པའི་འཕེལ་རིམ་ཐེར་འདོན་པར་ལན་བསྐྱལ་བ་དང་། ལན་སྐྱེལ་ཐེངས་མང་ཤོས་སུ་ཐེངས་གསུམ་ཟིན་གྱི་ཡོད། ཐེར་འདོན་པས་བཏོན་པའི་ཁྲིམས་འགལ་ཁུངས་སྣེ་འབྱོར་རྗེས་འཕྲལ་དུ་ཐེར་འདོན་པར་ཁྲིམས་འགལ་ཁུངས་སྣེའི་ཆ་འཕྲིན་འབྱོར་བའི་ལན་རང་འགུལ་ངང་བསྐུར་གྱི་ཡོད། རྒྱལ་ཁབ་ས་ཆ་ཐོན་ཁུངས་ཀྱི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཁྲིམས་འགལ་ཁུངས་སྣེ་12336གི་སྐད་འཕྲིན་ལས་སྟེགས་ཁྱབ་ཁོངས་སུ་གཏོགས་མིན་གྱི་འབྲས་བུ་གཏན་འཁེལ་བྱས་རྗེས་གཟའ་འཁོར་གཅིག་ནང་ལས་སྟེགས་བརྒྱུད་ཐེར་འདོན་པར་ལན་བསྐུར་གྱི་ཡོད། ཞིབ་དཔྱད་བྱེད་སྐབས་ས་ཆ་དང་གཏེར་ཐོན་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱེད་སྤྱོད་ཡིན་པ་ཤེས་ཕྱིན་ཞིབ་དཔྱད་མཇུག་འགྲིལ་རྗེས་ཀྱི་ཉིན་ལྔའི་ནང་12336གི་སྐད་འཕྲིན་ལས་སྟེགས་བརྒྱུད་ཐེར་འདོན་པར“ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ཐག་གཅོད་བྱ་རྒྱུ་ཡིན”ཞེས་བསྐུར་གྱི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུས་12336གི་ཁྲིམས་འགལ་ཐེར་འདོན་ཁ་པར་ཤར་གཏོང་བྱས་ནས་ལོ་8སོང་རིང་ཁྲིམས་འགལ་བྱེད་སྤྱོད་ཐོན་ཉེན་སྐྱབས་ནས་ཤེས་རྟོགས་དང་ཐག་གཅོད་ཐུབ་སྟེ་སྤྱི་ཚོགས་ལས་རིགས་ཁག་གི་ཁས་ལེན་ཐོབ་ཡོད་མོད། འོན་ཀྱང་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཁག་གཅིག་ཐོན་ཡོད། ད་ཐེངས་12336གི་སྐད་འཕྲིན་ལས་སྟེགས་ཤར་གཏོང་ཐུབ་རྗེས། 12336གི་ཁྲིམས་འགལ་ཐེར་འདོན་ཁ་པར་རྒྱ་སྐྱེད་དང་སྣུར་སྲིང་ནུས་ལྡན་ཐུབ་རྒྱུ་རེད། དེའི་དམིགས་ཡུལ་ནི་མང་ཚོགས་ཀྱིས“གོང་རིམ་ལ་ཡིད་ཆེས་ཡོད་ཀྱང་འོག་རིམ་ལ་ཡིད་ཆེས་མེད་པ”དང་ཁྲིམས་འགལ་གྱི་ཁུངས་སྣེ་མང་པོ་རིམ་པ་མང་པོ་བརྒྱུད་སྒྲུབ་གཉེར་བྱེད་དགོས་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་ཡིན། དེ་དང་དུས་མཚུངས་12336གི་ཁྲིམས་འགལ་ཁུངས་སྣེ་ཐག་གཅོད་ལས་དོན་སྔར་བས་གཅིག་གྱུར་ཚད་ལྡན་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་ཁྲིམས་འགལ་ཁུངས་སྣེ་བསྡུ་རུབ་དང་གཏན་འཁེལ་བྱས་ནས་ཐེར་འདོན་པར་འབྲེལ་ཡོད་འཕེལ་རིམ་ལན་སྐྱེལ་རྒྱུའི་ཆེད་དུའང་ཡིན། ཁྲིམས་འགལ་ཁུངས་སྣེ་ཉན་པ་དང་ཐག་གཅོད་བྱེད་པའི་ཁོངས་གཏོགས་ཀྱི་འགན་འཁྲི་ནན་དུ་བཏང་ནས་དུས་ཐོག་ཏུ་གཏན་འཁེལ་དང་། ཞིབ་དཔྱད། ཚུར་ལན་སོགས་ཀྱི་ལས་དོན་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།