འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་པའི་དཔེ་མཛོད་ཁང་གི་བཅའ་ཁྲིམས་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་4ཉིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པའི་ཐོག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་པའི་དཔེ་མཛོད་ཁང་གི་བཅའ་ཁྲིམས་》(གཤམ་དུ“སྤྱི་པའི་དཔེ་མཛོད་ཁང་གི་བཅའ་ཁྲིམས”ཞེས་བསྡུ་རྒྱུ་)ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། འདི་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་བཏོན་པའི་རིག་གནས་ཐད་ཀྱི་བཅའ་ཁྲིམས་དང་པོ་ཡིན་ལ། སྤྱི་པའི་རིག་གནས་ཁྱབ་ཁོངས་སུ་སྤྱི་པའི་རིག་གནས་ཞབས་ཞུའི་འགན་ལེན་བཅའ་ཁྲིམས་བཏོན་རྗེས་ཀྱི་བཅའ་ཁྲིམས་གལ་ཆེན་ཞིག་ཀྱང་ཡིན་པས། རང་རྒྱལ་གྱི་རིག་གནས་བཅའ་ཁྲིམས་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། སྤྱི་པའི་དཔེ་མཛོད་ཁང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
         སྤྱི་པའི་དཔེ་མཛོད་ཁང་གི་བཅའ་ཁྲིམས་འདི་2018ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་ཁྱོན་བསྡོམས་ལེའུ་6དང་དོན་ཚན་55ཡོད། བཅའ་ཁྲིམས་འདིས་སྤྱི་པའི་དཔེ་མཛོད་ཁང་འཛུགས་པ་དང་། འཁོར་རྒྱུག་ཞབས་ཞུ་བཅས་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་ལ་གཏན་འབེབས་ཞིབ་ཕྲ་བྱས་ཡོད།
         གནས་ཐུབ་པ་དང་། ལག་བསྟར་ཐུབ་པ། སྤྱོད་གོ་ཆོད་པ་བཅས་ཀྱི་སྤྱི་པའི་དཔེ་མཛོད་ཁང་གི་བཅའ་ཁྲིམས་བཏོན་པ་ནི་སྤྱི་ཚོགས་ལས་རིགས་ཁག་གི་འདུན་པ་ཡིན། བཅའ་ཁྲིམས་དེ་ནང་མོལ་བྱེད་པ་ནས་དངོས་སུ་བཏོན་པའི་བར་ལོ་བཅུ་གྲངས་འགོར་བ་མ་ཟད། ད་དུང་ཏང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་ཚད་མཐོའི་མཐོང་ཆེན་ཐོབ་པ་དང་། སྡེ་ཚན་མང་པོས་རིགས་པས་ཁུངས་སྐྱེལ་ཡང་ཡང་དང་། བརྟག་ཞིབ་གཏིང་ཟབ། ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བཅས་བྱས་པ། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་སར་དོ་ཁུར་བྱས་པ། སྤྱི་ཚོགས་ལས་རིགས་ཁག་གི་བློ་གྲོས་དང་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ་བཅས་ཀྱང་བྱས་ཡོད།
         བཅའ་ཁྲིམས་ནང་སྤྱི་པའི་དཔེ་མཛོད་ཁང་གི་བྱ་གཞག་འཕེལ་རྒྱས་གཏོང་ཕྱོགས་ཁ་གསལ་བཟོས་པ་དང་སྤྱི་པའི་དཔེ་མཛོད་ཁང་གི་ནུས་པ་འདོན་སྤེལ་བྱེད་པ་དང་། སྤྱི་དམངས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་བྱེད་པ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་བཅས་བྱེད་པར་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་མདུན་སྐྱོད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཕུལ་བྱུང་གི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།
         བཅའ་ཁྲིམས་ནང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྤྱི་པའི་དཔེ་མཛོད་ཁང་གི་བྱ་གཞག་རིམ་པ་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་འཇུག་དགོས་པ་དང་། སྤྱི་པའི་དཔེ་མཛོད་ཁང་འཛུགས་སྐྲུན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དང་ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་ནང་བཅུག་ནས་སྲིད་གཞུང་གིས་སྤྱི་པའི་དཔེ་མཛོད་ཁང་འཛུགས་རྒྱུར་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་དགོས་པ། མཁོ་བའི་འགྲོ་གྲོན་རིམ་པ་དེ་གའི་སྲིད་གཞུང་གི་སྔོན་རྩིས་ནང་འཇུག་པ་དང་དུས་ཐོག་དང་གྲངས་ཚང་ངང་སྤྲོད་དགོས་པ། རྒྱལ་ཁབ་ཀྱིས་གསར་བརྗེའི་ཁུལ་རྙིང་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། ས་ཁུལ་དབུལ་པོ་བཅས་ཀྱི་སྤྱི་པའི་དཔེ་མཛོད་ཁང་གི་བྱ་གཞག་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།