འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བས་རིམ་
    རྩིས་བྱས་ན་དཔྱ་ཁྲལ་སྒོར་དུང་ཕྱུར་ཁྲི་ལྷག་ཙམ་ཉུང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་7ཉིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་དོན། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་ནོར་ཁྲལ་སྒྱུར་བཅོས་ཀྱི་གཙོ་གནད་ཅིག་ཏུ་བརྩིས་ནས་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བའི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཡོད། 2016ལོའི་ཟླ་5པ་ནས་2017ལོའི་ཟླ་9པའི་བར་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བས་རིམ་རྩིས་བྱས་ན་དཔྱ་ཁྲལ་སྒོར་དུང་ཕྱུར་10639ཉུང་དུ་ཕྱིན་པའི་ནང་2016ལོའི་ཟླ་5པ་ནས་ཟླ་12པའི་བར་དཔྱ་ཁྲལ་སྒོར་དུང་ཕྱུར་4889ཉུང་དུ་དང་འདི་ལོའི་ཟླ་དང་པོ་ནས་ཟླ་9པའི་བར་དཔྱ་ཁྲལ་སྒོར་དུང་ཕྱུར་5750ཉུང་དུ་ཕྱིན་ཡོད།
         གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་སྒྱུར་བཅོས་ཀྱི་མཇུག་བསྡུའི་ལས་དོན་ཞིག་ཡིན་པའི་ངོས་ནས། 2016ལོའི་ཟླ་5ཚེས་1ཉིན་རང་རྒྱལ་གྱིས་ཨར་སྐྲུན་དང་། ས་ཁང་བདག་ཁོངས། དངུལ་རྩ། འཚོ་བའི་ཞབས་ཞུ་བཅས་ལས་རིགས་ཆེན་པོ་བཞིའི་ནང་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུ་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བའི་ཁྲོད་ཚོད་ལྟའི་ཁྲལ་འཇལ་བ་ཁྲི་1100ལྷག་ཙམ་དང་འབྲེལ་བ་ཡོད། ལས་གཉེར་ཁྲལ་གྱིས་དེ་སྔའི་ལས་གཉེར་ཁྲལ་གྱི་ཡོང་འབབ་བསྡོམས་འབོར་གྱི་བསྡུར་ཚད་ཀྱི་80%ཙམ་བཟུང་བ་དང་ལྷག་དོན་དུ་ཁེ་ལས་མང་པོ་ཞིག་གི་མ་གནས་གལ་ཆེན་ཞིག་ཡིན་པའི་གཏན་འཇགས་གཏོང་སྒོ་ཚབ་འཐེན་གྱི་ཁྱབ་ཁོངས་ནང་བཅུག་པས་དཔྱ་ཁྲལ་ཉུང་གཏོང་གི་ནུས་པ་མངོན་གསལ་དོད་དུ་ཕྱིན་ཡོད།
         ཧྭ་ནན་ཡུལ་སྐོར་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་ཤིག་ཡིན་པའི་ཀོང་ཀྲོའུ་ཀོང་ཀྲེ་ལུའེ་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་མ་རྐང་ཚད་ཡོད་ཀུང་སིས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ལས་དོན་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་རྗེས་ཟླ་དང་པོ་ནས་ཟླ་9པའི་བར་དཔྱ་ཁྲལ་སྒོར་ཁྲི་1031ཉུང་དུ་ཕྱིན་ཡོད། “གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྗེས་ང་ཚོས་སྒྱུར་བཅོས་ཚ་རླབས་ཁྲོད་ཀྱི་འཕེལ་ཕྱོགས་མགྱོགས་མྱུར་འཚོལ་ཞིབ་བྱེད་པ་དང་ལྷག་དོན་དུ་ཚབ་འཐེན་རྣམ་གྲངས་ནང་འཐུས་མཆན་འགོད་པའི་གྲོན་དངུལ་མང་དུ་བཏང་བ་མ་ཟད། རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་ལས་སྒོར་གནས་ཐང་འཕར་ཁྲལ་ཡང་མི་བསྡུ་རྒྱུ། སྲིད་ཇུས་ཀྱི་ཕན་པ་ཐོན་རྐྱེན་ཀུང་སིས་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་གྱི་ཐོན་རྫས་གསར་པ་834བཏོན་པ་དེ་དུས་མཚུངས་ལས་40%ལྷག་ཙམ་མང་དུ་ཕྱིན་ཡོད”ཅེས་ནོར་དོན་ཅིང་ལེ་ལི་པིན་གྱིས་བཤད།
         ཀྲུང་ཧྲན་སློབ་ཆེན་རང་མོས་ཉོ་ཚོང་ཁུལ་ཕྱོགས་བསྡུས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ལིན་ཅང་གིས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པས་གོ་ལ་ཧྲིལ་པོ་ཅན་གྱི་རྒྱབ་ལྗོངས་འོག་ཐོན་ལས་ལས་བགོས་སྔར་བས་ཆེད་ལས་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་དེང་རབས་ཞབས་ཞུའི་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས་ཀོང་ཏུང་གི་ལས་སྣོན་བཟོ་སྐྲུན་ལས་རིགས་ཀྱི་ཕྱོགས་སྒྱུར་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད་པའི་ངོས་འཛིན་བྱས།
         བསྡོམས་རྩིས་ལ་གཞིགས་ན། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུས་ཐོན་ལས་འཁོར་འབྲེལ་རིང་དུ་དང་དཔྱ་ཁྲལ་གྱི་གཞི་ཁྱོན་ཆེ་རུ་སོང་བའི་ནུས་པའི་འོག་2017ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་ལས་རིགས་ཆེན་པོ་བཞིའི་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་ཁྲལ་འཇལ་བ་ཟླ་རེར་ཆ་སྙོམས་དུད་ཚང་ཁྲི་20.7མང་དུ་ཕྱིན་པ་དེ་2016ལོའི་ཟླ་རེའི་ཆ་སྙོམས་དུད་ཚང་ཁྲི་8.4མང་དུ་ཕྱིན་པ་ལས་མངོན་གསལ་དོད་པོས་མཐོ་བ་ཡོད།
         གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུ་གསར་གཏོད་སྒུལ་ཤུགས་ཀྱི“བརྡ་རྟགས་ཡོང་ཁུངས”སུ་གྱུར་ཡོད། ཚན་རྩལ་གསར་གཏོད་རྣམ་པའི་ཁེ་ལས་ཀྱིས་ཀྱང་སྒྱུར་བཅོས་ཀྱི་རླུང་ཕྱོགས་ལ་བརྟེན་ནས་དཔྱ་ཁྲལ་ཉུང་གཏོང་གི་སྲིད་ཇུས་ཀྱི་སྐུལ་སྤེལ་འོག་ཚན་རྩལ་ཞིབ་སྤེལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཆགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།