འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེའི་གློག་ཁང་ཞིག་ཏུ་ཁྲོ་ཐབ་འབར་གས་ཀྱི་དོན་རྐྱེན་བྱུང་སྟེ་གྲོངས་
    མཁན་མི་གྲངས་26ཏུ་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་2ཉིན། རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེའི་ནང་སྲིད་དྲུང་ཡིག་ཨར་ཝེན་ཏེ་ཁུ་མཱར་གྱིས་ཚེས་1ཉིན་མངའ་སྡེའི་ཁོངས་གཏོགས་ཀྱི་གློག་ཁང་ཞིག་ཏུ་ཁྲོ་ཐབ་འབར་གས་ཀྱི་དོན་རྐྱེན་བྱུང་སྟེ་གྲོངས་མཁན་མི་གྲངས་26ཏུ་འཕར་ཡོད་པ་དང་། གཞན་ད་དུང་མི་100ལྷག་ཙམ་རྨས་སྐྱོན་ཕོག་འདུག་ཅེས་བརྗོད་པ་རེད།
         ཁུ་མཱར་གྱིས་རྨས་མ་ཚོ་མངའ་སྡེའི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ལ། རྨས་མ་ཁ་ཤས་རྨས་སྐྱོན་ཚབས་ཆེན་ཡིན་སྟབས། གྲོངས་མཁན་མི་གྲངས་ད་དུང་འཕར་ཉེན་འདུག་ཅེས་བརྗོད་པ་རེད།
         ཚེས་1ཉིན་གྱི་ཕྱི་དྲོར། བྱང་ཕྱོགས་མངའ་སྡེའི་ལའེ་པོ་ལེ་ལི་རྫོང་གི་རྒྱལ་ཁབ་ཚ་གློག་ཀུང་སིའི་གློག་འདོན་ཁང་གི་ཁྲོ་ཐབ་ཅིག་ལ་འབར་གས་བྱུང་བ་དང་། དོན་རྐྱེན་བྱུང་དུས། ལས་བཟོ་པ་200ལྷག་ཙམ་གློག་ཁང་དེ་རུ་ལས་རེས་བྱེད་བཞིན་ཡོད་པ་རེད། 
         འབར་གས་བྱུང་བའི་གློག་འདོན་འཕྲུལ་འཁོར་ཚང་མ་ད་ལྟ་འཁོར་སྐྱོད་མཚམས་འཇོག་བྱས་ཡོད་ལ། མྱུར་སྐྱོབ་མི་སྣས་ད་དུང་དོན་རྐྱེན་བྱུང་ཡུལ་དུ་ལས་བཟོ་པ་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་རེད།
         ཤེས་རྟོགས་བྱུང་གསལ་དུ། གློག་འདོན་ཁང་འདི་ཡིས་བྱང་ཕྱོགས་མངའ་སྡེ་དང་ཧ་ལི་ཡ་ནཱ་མངའ་སྡེ་སོགས་ཀྱི་མངའ་སྡེ་དགུ་ལ་གློག་འདོན་བཞིན་ཡོད་ལ། ད་ལྟ་བར་དུ་ལོ་ངོ་30རིང་འཁོར་སྐྱོད་བྱས་པ་རེད། འབར་གས་བྱུང་བའི་ཁྲོ་ཐབ་ནི་ད་ལོའི་ཟླ་གསུམ་པར་གསར་འཇོག་བྱས་པའི་དོང་ལམ་གསར་པ་ཡིན་པ་དང་། དོན་རྐྱེན་བྱུང་དུས་ཀྱི་ཁྲོ་ཐབ་དེ་ནི་ཚོད་ལྟའི་འཁོར་སྐྱོད་ཀྱི་དུས་སྐབས་ཡིན་པ་རེད།
         རྒྱལ་ཁབ་ཚ་གློག་ཀུང་སི་ཡིས་རྟོག་ཞིབ་ཚོགས་ཆུང་བཙུགས་ནས་དོན་རྐྱེན་འདི་ཉིད་ཀྱི་འབྱུང་རྩར་རྟོག་ཞིབ་བྱེད་བཞིན་ཡོད་པ་རེད། ཀུང་སིའི་ནང་ཁུལ་གྱི་མི་སྣས་འབར་གས་བྱུང་བའི་ཁྲོ་ཐབ་ཏུ་སོལ་བ་གསོག་ཚད་ཚབས་ཆེ་བ་དང་། ཁྲོ་ཐབ་ནང་གི་གནོན་ཤུགས་ཇེ་ཆེར་སོང་སྟེ་འབར་གས་བྱུང་བ་ཡིན་ཉེན་འདུག་ཅེས་བརྗོད་པ་རེད།
        རྒྱ་གར་གྱི་སྲིད་བློན་མའོ་ཏི་ཡིས་སྤྱི་ཚོགས་འབྲེལ་འདྲིས་ཀྱི་སྨྱན་སྦྱོར་དུ་ཡི་གེ་སྤེལ་ཏེ་རྐྱེན་ལམ་དུ་ཤོར་མཁན་ཚོར་མྱ་ངན་ཞུ་ཚུལ་བསྟན་ཡོད་པ་རེད། བྱང་ཕྱོགས་མངའ་སྡེ་ཡིས་དོན་རྐྱེན་ཁྲོད་གྲོངས་མཁན་ལས་བཟོ་པ་རེ་ལ་རྒྱ་གར་སྒོར་མོ་ཁྲི་20(ཨ་རིའི་སྒོར་མོ་གཅིག་ནི་རྒྱ་གར་སྒོར་མོ་64ཡིན་པ)རེ་ཁ་གསེབ་བྱ་རྒྱུ་དང་རྨས་སྐྱོན་ཕོག་པའི་ལས་བཟོ་པར་རྒྱ་གར་སྒོར་མོ་ཁྲི་5རེ་ཁ་གསེབ་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བསྒྲགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།