འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གིས་མུའུ་ཁྲི་6300ཡི་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ཞོར་ཐོན་
    རྫས་གལ་ཆེན་ཐོན་སྐྱེད་སྲུང་སྐྱོང་ཁུལ་དབྱེ་མཚམས་ཕྱེ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་དང་ཞིང་ལས་ཁུལ་ཁོངས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་ཆེད། ཉིན་ཤས་གོང་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་《ནང་སོག་རང་སྐྱོང་ལྗོངས་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ཞོར་ཐོན་རྫས་གལ་ཆེན་ཐོན་སྐྱེད་སྲུང་སྐྱོང་ཁུལ་དབྱེ་མཚམས་ཕྱེ་རྒྱུའི་ལག་བསྟར་ཇུས་གཞི་》(གཤམ་ཏུ་《ཇུས་གཞི་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད། 《ཇུས་གཞིའི་》ནང་ནང་སོག་རང་སྐྱོང་ལྗོངས་དེ་ཡོངས་སུ་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ཞོར་ཐོན་རྫས་གལ་ཆེན་ཐོན་སྐྱེད་སྲུང་སྐྱོང་ཁུལ“ཁུལ་གཉིས”སུ་དབྱེ་མཚམས་ཁ་གསལ་ཕྱེ་བའི་ནང་ཁྱོན་མུའུ་ཁྲི་6300ཡོད། དེའི་ནང་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་མུའུ་ཁྲི་5100ཡོད་པར། ཆུ་འབྲས་མུའུ་ཁྲི་200དང་། གྲོ་མུའུ་ཁྲི་1000 མ་རྨོས་ལོ་ཏོག་མུའུ་ཁྲི་3900བཅས་ཚུད་པ་དང་དེ་བཞིན་ཞིང་ཞོར་ཐོན་རྫས་གལ་ཆེན(སྲན་ཆེན)ཐོན་སྐྱེད་སྲུང་སྐྱོང་ཁུལ་མུའུ་ཁྲི་1200ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 《ཇུས་གཞིའི་》ནང་དབྱེ་མཚམས་བཅད་པའི“ཁུལ་གཉིས་པོ”ངེས་པར་དུ་རྒྱུན་གཏན་རང་བཞིན་གྱི་གཞི་རྩའི་ཞིང་ཁ་དང་། ངེས་པར་དུ་སྤུས་ལེགས་ཞིང་ས་དང་ཞིང་ལས་སྐྱེ་དངོས་ཆེ་གྲས་བཞི་འདེབས་འཛུགས་ཀྱི་ལེགས་ལྡན་ཁུལ་བཅས་ཡིན་དགོས་པ་དང་། རྨང་གཞིའི་སྒྲིག་བཀོད་ཆ་སྒྲིག་བྱེད་པའི་ཆུ་འདྲེན་ཁུལ་ལམ་ཡང་ན། ཁོད་ཅུང་སྙོམས་པའི་ཚད་གཞི་མཐོ་བའི་སྐམ་ཞིང་སྔོན་དུ་གདམ་ག་དང་། ཐོན་སྐྱེད་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་ཞིང་ས་སྔོན་དུ་གདམ་ག འཛུགས་སྐྲུན་ཟིན་པའམ་ཡང་ན་འཛུགས་སྐྲུན་བྱ་རྩིས་ཡོད་པའི་ཚད་གཞི་མཐོ་བའི་ཞིང་ས་སྔོན་དུ་གདམ་ག འབྲུ་རིགས་ཐོན་འབོར་ཆེ་བའི་རྫོང་དང་སྲན་ཆེན་གཙོ་ཐོན་རྫོང་སྔོན་དུ་གདམ་ག་བཅས་བྱེད་དགོས་པ། རྨོ་བསྐྱུར་གྱི་ཞིང་ས་མཚམས་བཅད་ས་ཁོངས་སུ་འཇུག་རྒྱུ་གཏན་འགོག་དང་། སྣོད་བཅུད་ཆ་རྐྱེན་ཞན་པའི་ཞིང་ས་མཚམས་བཅད་ས་ཁོངས་སུ་འཇུག་རྒྱུ་གཏན་འགོག སྦགས་བཙོག་ཆགས་ཚབས་ཆེ་བའི་ཞིང་ས་མཚམས་བཅད་ས་ཁོངས་སུ་འཇུག་རྒྱུ་གཏན་འགོག སྒྲིག་བཀོད་ཞིང་ལས་ས་ཆ་མཚམས་བཅད་ས་ཁོངས་སུ་འཇུག་རྒྱུ་གཏན་འགོག་བཅས་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།
         《ཇུས་གཞིའི་》ནང་2017ལོར་ཆི་དང་རྫོང་དུ་དབྱེ་མཚམས་གཅོད་པའི་ལས་དོན་སྔོན་དུ་ཚོད་ལྟའི་ངང་སྤེལ་དགོས་པ་དང་། 2018ལོར་དབྱེ་མཚམས་གཅོད་པའི་ལས་དོན་ཕྱོགས་ཡོང་ནས་སྤེལ་དགོས་པ། 2019ལོའི་ལོ་མཇུག་གོང་འགོད་འཇུག་བྱེད་པ་དང་ཡིག་ཚགས་དང་ལག་དེབ་བཟོ་བའི་ལས་དོན་ཚང་མ་ལེགས་པར་སྒྲུབ་དགོས་པ་མ་ཟད། ད་དུང་རིམ་པ་བཞིན་ཕྱོགས་སྒྲིག་བྱས་ཏེ་གོང་འོག་འབྲེལ་མཐུད་དང་ཚད་ལྡན་གཅིག་གྱུར་གྱི་ཆ་འཕྲིན་མ་ལག་ཅིག་ཀྱང་ཆགས་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།