འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་གནད་སྨིན་དབུལ་སྐྱོར་གྱི་པར་རྒྱག་འགྲན་བསྡུར་ཆེ་མོའི་པར་རིས་འགྲེམས་སྟོན་
    ཟི་ལིང་དུ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། དབུལ་སྐྱོར་ལས་དོན་གྱིས་དམངས་འཚོར་དོ་ཁུར་དང་། སེམས་པ་མང་ཚོགས་ལ་འཕྲེང་ཞིང་། ཟླ་10ཚེས་30ཉིན་གྱི་སྔ་དྲོ། 2017ལོའི“གནད་སྨིན་དབུལ་སྐྱོར”གྱི་པར་རྒྱག་འགྲན་བསྡུར་ཆེ་མོའི་པར་རིས་འགྲེམས་སྟོན་དང་བྱ་དགའ་སྤྲོད་པའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་གྲོང་རྡལ་ལྟེ་བའི་ཐང་ཆེན་དུ་གཟབ་རྒྱས་ངང་གཉེར་བ་རེད།
         ད་ཐེངས་ཀྱི་པར་རྒྱག་འགྲན་བསྡུར་ཆེ་མོ་ནི་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་དང་། ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། མཚོ་སྔོན་ཞིང་ཆེན་པར་རྒྱག་མཁས་ཅན་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་ཡིན་ཞིང་། འགྲན་བསྡུར་ནང“ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས”ཞེས་པ་བརྗོད་དོན་གཙོ་བོར་དམིགས་ཏེ་གསར་རྩོམ་བྱས་པ་དག་གི་བརྗོད་གཞི་སྣ་ཁ་མང་ལ་ནང་དོན་ཕུན་སུམ་ཚོགས་པ་དང་། གསོན་ཉམས་དོད་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་གྲུབ་འབྲས་ངོམས་ཡོད།
         འགྲན་བསྡུར་ཟླ་8ཚེས་20ཉིན་ནས་གྲ་སྒྲིག་བྱེད་འགོ་ཚུགས་པ་དང་། པར་རྒྱག་ལ་དགའ་པོ་ཡོད་མཁན་མང་དག་ཅིག་དེའི་ནང་ཞུགས་རྒྱུར་ཡིད་དབང་བཀུག་ཡོད། ཟླ་8ཚེས་22ཉིན་ནས་དངོས་སུ་བརྩམས་ཆོས་བསྡུ་འགོ་བཙུགས་ཏེ་ཟླ་10ཚེས་10ཉིན་བསྡུ་མཚམས་བཞག་ཅིང་། ཁྱོན་བསྡོམས་པར་རྒྱག་བརྩམས་ཆོས་1892བསྡུས་པ་རེད། ཟླ་10ཚེས་12ཉིན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་དང་། ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ཞིང་ཆེན་པར་རྒྱག་མཁས་ཅན་མཐུན་ཚོགས་བཅས་ཀྱིས་ཞིབ་དཔྱད་ཨུ་ཡོན་སྒྲིག་འཛུགས་བྱས་ནས་ཞིབ་དཔྱད་བྱས་མཐར་འདེམས་ཤོག་འཕངས་པ་བརྒྱུད་ཨང་དང་པོ་3དང་། ཨང་གཉིས་པ་6 ཨང་གསུམ་པ་9 ཕུལ་བྱུང་བྱ་དགའ་100 འགྲེམས་སྟོན་ནང་ཚུད་པའི་བརྩམས་ཆོས་882བཅས་བདམས་པ་རེད། བྱ་དགའ་ཐོབ་པའི་བརྩམས་ཆོས་དང་འགྲེམས་སྟོན་ནང་ཚུད་པའི་བརྩམས་ཆོས་དེ་དག་ལས་མཐོང་སྣང་མི་འདྲ་བའི་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་གནད་སྨིན་དབུལ་སྐྱོར་ལས་ཀའི་སྣང་ཚུལ་དང་ཕན་འབྲས་ཇི་མ་ཇི་བཞིན་མཚོན་ཡོད། གོང་གསལ་གྱི་བརྩམས་ཆོས་1000ཚང་མ་དེ་ཉིན་གྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་འགྲེམས་སྟོན་བྱས་ཡོད། འགྲེམས་སྟོན་བྱས་པ་བརྒྱུད་དབུལ་སྒྲོལ་འགག་སྒྲོལ་གྱི་གསོན་ཉམས་དོད་པའི་ལག་ལེན་དང་སྔོན་ཐོན་མི་སྣ་དང་དེ་བཞིན་གྲུབ་འབྲས་ཐོབ་པའི་དཔེ་མཚོན་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་སྤྱི་ཚོགས་ལས་རིགས་ཁག་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ནང་ཞུགས་རྒྱུའི་སྐུལ་སློང་སྔར་ལས་ལྷག་པ་བྱས་ཡོད་པ་རེད།
         བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཏང་ཙུའི་ཁོངས་མི་མཚོ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཝུའེ་པོ་ཕིང་གིས་ཤིས་ཚིག་བསྒྲོན་པ་དང་། ད་ཐེངས་ཀྱི་པར་རྒྱག་འགྲན་བསྡུར་སྐུལ་སློང་དང་སྒྲིག་འཛུགས་ལ་སྔོན་དཔག་གི་ཕན་འབྲས་ཐོན་པར་ཁས་ལེན་གང་ལེགས་གནང་བ་རེད། ད་ཐེངས་ཀྱི་པར་རྒྱག་འགྲན་བསྡུར་ནི་འདི་ལོ་ཞིང་ཆེན་ཡོངས་ཀྱི“10•17”དབུལ་སྐྱོར་ཉིན་མོའི་རིམ་སྤེལ་བྱེད་སྒོའི་གྲས་ཤིག་ཡིན་ཞིང་། ད་ཐེངས་ཀྱི་འགྲན་བསྡུར་གཉེར་བ་བརྒྱུད་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པ་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་མཚོན་པར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་དབུལ་པོའི་སྣོད་བཅུད་ཁོར་ཡུག་དང་། ཡུལ་གོམས་གོམས་གཤིས་དང་སྲོལ་རྒྱུན། དམངས་སྲོལ་གོམས་གཤིས་བཅས་ཀྱི་ཉམས་སྣང་གསར་པ་ཕྱོགས་ཡོངས་ནས་ངོམས་སྟོན་བྱས་པ། ཞིང་ཆེན་ཡོངས་ཀྱི་ཐོན་ལས་དབུལ་སྐྱོར་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། རྒྱུ་ནོར་དབུལ་སྐྱོར། ལས་ཞུགས་གཞན་སྒྱུར་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར། མ་མཐའི་འཚོ་བ་འགན་ལེན་གྱི་མཐའ་སྐྱོང་དབུལ་སྐྱོར། སྣོད་བཅུད་དབུལ་སྐྱོར། འགྲིམ་འགྲུལ་དབུལ་སྐྱོར། ཆུ་བེད་དབུལ་སྐྱོར། གློག་ཤུགས་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། འཕྲིན་གཏོང་དབུལ་སྐྱོར། རིག་གནས་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། ཚན་རྩལ་དབུལ་སྐྱོར། དྲ་ཐོག་ཚོང་ལས་དབུལ་སྐྱོར། ཁྲོམ་རའི་མ་ལག་འཛུགས་སྐྲུན་དབུལ་སྐྱོར། ཞིང་འབྲོག་པའི་ཉེན་ཁང་སྒྱུར་བཀོད་དབུལ་སྐྱོར་བཅས་ཀྱི་ལས་རྗེས་གསར་པ་ཁྱབ་ཁོངས་ཆེན་པོའི་ཐོག་ནས་མཚོན་པར་བྱས་ཡོད།
          པར་རྒྱག་བརྩམས་ཆོས་དེ་དག་ལ་ལྟ་སྐབས། ཞིང་ལས་ཐོན་སྐྱེད་ཀྱི་སྣང་ཚུལ་སྣ་ཚོགས་བསྐྱར་དུ་མངོན་ཡོད་ལ་དབུལ་སྐྱོར་རྣམ་གྲངས་ལག་བསྟར་ལ་དམིགས་པའི་མཚོན་བྱེད་ཀྱང་ཡོད་པ་དང་། གྲོང་གསེབ་ཀྱི་ཁྱིམ་ཚང་ཉིན་རེ་བཞིན་ཕྱུག་ཏུ་འགྲོ་བའི་ཟུར་བཀོད་ཡོད་ལ་གྲོང་མིའི་རིག་གནས་འཚོ་བ་མངོན་པའི་ཕྱོགས་ཡོངས་སྣ་མང་ཡང་ཡོད། པར་རྒྱག་བརྩམས་ཆོས་ལས་གྲོང་གསེབ་ཀྱི་རྣམ་པའི་འགྱུར་ལྡོག་དང་ཞིང་པའི་འཚོ་བའི་སྤུས་ཚད་མཐོ་རུ་འགྲོ་ཚུལ་ངོམས་སྟོན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།