འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ལམ་109གདང་ལའི་དུམ་བུར་རླངས་འཁོར་ཆིག་སྟོང་ཙམ་གངས་འཁྱགས་ཀྱིས་འགག་
    པས་ས་གནས་དེ་གས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱེད་བཞིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ནག་ཆུ་ས་ཁུལ་ཨ་མདོ་རྫོང་ཁོངས་སུ་ཉིན་ཤས་བསྟུད་མར་གངས་བབས་ནས་རྒྱལ་ལམ་109གདང་ལའི་དུམ་བུར་རླངས་འཁོར་འགག་ཡོད་པ་རེད། ས་གནས་དེ་གའི་སྲིད་གཞུང་དང་དེ་བཞིན་སྤྱི་བདེ་དང་། འགྲིམ་འགྲུལ། དྲག་ཆས་ཉེན་རྟོག སྨན་དོན་མི་སྣ་སོགས་ཕྱོགས་ཁག་གི་མི་སྣ་འཕྲལ་མར་ས་གནས་ས་ཐོག་ཏུ་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་དང་ལམ་བཤངས་པ་རེད།
         གསར་འགོད་པར་ནག་ཆུ་ས་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་11ཚེས་1ཉིན་གྱི་ཆུ་ཚོད་18བར་ད་དུང་ལམ་དུམ་སྤྱི་ལེ་60ཙམ་འགག་ཡོད་པ་དང་རླངས་འཁོར་900ལྷག་ཙམ་དང་མི་1300ལྷག་ཙམ་དེ་གར་ལུས་ཡོད་པ་རེད།
         གཞན་ཡང་བོད་ལྗོངས་འགྲིམ་འགྲུལ་སྡེ་ཚན་ནས་གནས་ཚུལ་འབྱོར་བར་གཞིགས་ན། ལམ་མུ་མཐུད་ངང་བཤངས་པའི་ཁར་གནམ་གཤིས་ལེགས་སུ་ཕྱིན་པས་དེ་གར་འགག་པའི་རླངས་འཁོར་རིམ་བཞིན་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད། འགྲིམ་འགྲུལ་དོ་དམ་ཚོད་འཛིན་འོག་ཕྱོགས་གཅིག་ནང་རླངས་འཁོར་གཏོང་བཞིན་ཡོད་པ་རེད།
         ཟླ་10ཚེས་29ཉིན་གྱི་མཚན་མོ་ནས་བཟུང་རྒྱུན་མཐུད་ངང་གངས་བབས་པས་རྒྱལ་ལམ་109གདང་ལའི་དུམ་བུའི་ལམ་དུམ་མང་པོར་གངས་གསོག་ཐེབས་པ་དང་འཁྱགས་པ་ཆགས་ནས་ཨ་མདོ་རྫོང་བྲག་སྨུག་གྲོང་རྡལ་ནས་གདང་ལའི་ལམ་དུམ་བར་རླངས་འཁོར་མང་པོ་འགག་ཡོད་པ་རེད། ནག་ཆུ་ས་ཁུལ་དང་ཨ་མདོ་རྫོང་གིས་འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་བཏིང་ནས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱས་པ་རེད། ཆུ་ཚོད་18བར་ས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པ་མི་ཐེངས་95དང་ཉེན་རྟོག་རླངས་འཁོར་10ལྷག་ཙམ་བཏང་བའི་ཁར་སྨན་དོན་མི་སྣ་དང་རླངས་འཁོར་ཉམས་བཟོ་བ་ཁག་གཅིག་ལམ་འགག་ཁུལ་དུ་རོགས་སྐྱོབ་བྱེད་པར་མངགས་ཡོད་པ་རེད།
          དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ནག་ཆུ་ཉིང་ལག་རུ་ཁག་ཀྱང་འཕྲལ་མར་རོགས་སྐྱོབ་ནང་ཞུགས་ཏེ་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་ས་གནས་ས་ཐོག་ཏུ་བཟའ་བཅའ་དང་འཐུང་ཆུ་སོགས་སྤྲད་ནས་དེ་གར་ལུས་པའི་མི་རྣམས་ཀྱི་སེམས་ཁྲལ་སེལ་བ་དང་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་དང་མཉམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་དང་ལམ་གཤོང་རོགས་བྱས་པ་དང་སྦྲགས་ས་མཐོ་མི་འཕྲོད་པ་ཚབས་ཆེན་བྱུང་མཁན་གཉིས་ལ་རོགས་རམ་ཡང་བྱས་པ་རེད།
          ནག་ཆུ་ས་ཁུལ་སྤྱི་བདེ་ཁྲུའུ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཁྲུའུ་ཀྲང་གཞོན་པ་ཚངས་དབྱངས་ཚེ་རིང་གིས་རླངས་འཁོར་འགག་པའི་ཁུལ་དུ་སྔར་བཞིན་རླངས་འཁོར་ཉམས་བཟོ་བ་དང་། འདྲུད་འཁོར་ཆེ་གྲས། གསོ་རླུང་གི་དམ་བི་སོགས་འཕྲལ་མཁོ་ཆེ་བར་དམིགས་ནས་ས་ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་མི་སྣ་དང་དངོས་ཟོག་དེ་བས་མང་བ་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་སྐྱོད་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།