འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སྒྲ་སྡུད་འཕྲུལ་འཁོར་ནི་ངའི་གྲོགས་པོ་ཡག་ཤོས་ཡིན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “སྒྲ་སྡུད་འཕྲུལ་འཁོར་ནི་ངའི་གྲོགས་པོ་ཡག་ཤོས་ཡིན”ཞེས་སྒྲ་སྡུད་འཕྲུལ་འཁོར་ཉན་པར་དགའ་བའི་ལའོ་ཆན་གྱི་དེ་ལྟར་བརྗོད་བྱུང་།
         ལོ་རབས་དགུ་བཅུ་པ་དང་ལོ་རབས་ཉིས་སྟོང་ལོར་སྐྱེས་པའི་མི་ཚོས་སྒྲ་སྡུད་འཕྲུལ་འཁོར་ལ་དེ་ཙམ་ཆ་རྒྱུས་མེད། འོན་ཀྱང་ལོ་རབས་བརྒྱད་ཅུའི་ནང་སྐྱེས་པ་དང་ལོ་རྒན་པ་ཚོས་སྒྲ་སྡུད་འཕྲུལ་འཁོར་ལ་ཆ་རྒྱུས་ཆེན་པོ་ཡོད། སྐབས་དེ་དུས་ཁྱིམ་ཚང་ཚང་མར་སྒྲ་སྡུད་འཕྲུལ་འཁོར་ཡོད་པ་དང་གསར་འགྱུར་དང་། ཁྲང་ཤི། རོལ་དབྱངས་བཅས་ཉན་ཐུབ་ཅིང་། བརྙན་འཕྲིན་མ་དར་གོང་སྒྲ་སྡུད་འཕྲུལ་འཁོར་ནི་མི་རྣམས་ཀྱིས་ཕྱིའི་གསར་འགྱུར་ཉན་བྱེད་ཀྱི་ལག་ཆ་ཡག་ཤོས་དེ་རེད།
         ད་ཆ་སྤྱི་ཚོགས་འཕེལ་རྒྱས་དང་ཚན་རྩལ་ཡར་རྒྱས་ཕྱིན་པར་བརྟེན་སྒྲ་སྡུད་འཕྲུལ་འཁོར་དེ་མི་རྣམས་ཀྱི་འཚོ་བའི་ཁྲོད་དེ་ཙམ་མཐོང་རྒྱུ་མེད་པར་གྱུར་མོད། འོན་ཀྱང་ལའོ་ཆན་གྱི་ངོས་ནས་བརྗོད་ན། ཁོང་དང་འབྲལ་མེད་དུ་འགྲོགས་མཁན་སྒྲ་སྡུད་འཕྲུལ་འཁོར་དེ་ཁོང་གི་གྲོགས་པོ་ཞིག་ལྟར་བརྗེད་པར་དཀའ་བའི་ལོ་ཟླ་དག་བརྒྱུད་ཡོད།
         དར་སོར་དགའ་བའི་ལའོ་ཆན།
         ལའོ་ཆན་སྒྲ་སྡུད་འཕྲུལ་འཁོར་ལ་ཧ་ཅང་དགའ་པོ་ཡོད། ལའོ་ཆན་གྱི་ཉལ་ཁང་དུ་སྒྲོག་ཙེའི་ཐོག་སྒྲ་སྡུད་འཕྲུལ་འཁོར་མང་པོ་བཞག་ཡོད་པ་ལས། ལོ་རབས་མི་འདྲ་བའི་ནང་བཟོས་པ་དང་ཆེ་ཆུང་སྣ་ཚོགས་ཀྱི་སྒྲ་སྡུད་འཕྲུལ་འཁོར་ལྔ་ཙམ་ཡོད་པ་མ་ཟད། སྒྲ་སྡུད་འཕྲུལ་འཁོར་བཟོ་བཅོས་རྒྱག་ཆེད་ཀྱི་ལག་ཆ་དང་ལྷུ་ལག་ཀྱང་འདུག དེ་དག་ལ་ཕྱོགས་ཏེ་ལའོ་ཆན་གྱི་ངོ་གདོང་ནས་བྱམས་བརྩེ་དང་སྤོབས་ཉམས་འདོན་བཞིན་སྒྲ་སྡུད་འཕྲུལ་འཁོར་དེ་ངས་སྒྲིག་སྦྱོར་བྱས་པ་ཞིག་ཡིན། མ་གཞི་འཛེར་སྒྲ་ཏོག་ཙམ་ཡོད་ཀྱང་ཉན་ཐུབ་ཀྱི་འདུག་ཅེས་བརྗོད་བྱུང་།
         ལའོ་ཆན་གྱི་མིང་ངོ་མར་ཆན་ཤིང་དབྱི་ཟེར་ཅིང་། 1959ལོར་གོར་མོ་རླངས་འཁོར་ལྷུ་ལག་ཉམས་བཟོ་བཟོ་གྲྭ་ནས་ལྷ་ས་རླངས་འཁོར་ལྷུ་ལག་ཉམས་བཟོ་བཟོ་གྲྭར་ལས་སྒྱུར་བྱས་པ་དང་1991ལོར་རླངས་འཁོར་རུ་ཁག་དང་པོ་ནས་རྒན་ཡོལ་ཞུས་རྗེས་ད་བར་བོད་དུ་འཚོ་བ་སྐྱེལ་གྱི་ཡོད།
          ཁོང་ལོ་བཅུ་དྲུག་ལ་སོན་སྐབས“མཐའ་མཚམས་ལ་རོགས་སྐྱོར་བྱས་ཏེ་མེས་རྒྱལ་གྱི་དགོས་མཁོ་ཆེ་སར་བསྐྱོད་རྒྱུའི”འབོད་སྐུལ་ལ་བརྡ་ལན་ཞུ་ཆེད། ཕ་ཡུལ་ཅི་ནན་ནས་གོར་མོར་བསྐྱོད་དེ་རླངས་འཁོར་ཉམས་བཟོ་བྱེད་སྟངས་སྦྱངས་པ་རེད། ལོ་20སླེབས་སྐབས་ཁོང་གོར་མོ་རླངས་འཁོར་ལྷུ་ལག་ཉམས་བཟོ་བཟོ་གྲྭ་ནས་ལྷ་ས་རླངས་འཁོར་ལྷུ་ལག་ཉམས་བཟོ་གྲྭར་སླེབས་ཤིང་། དེ་ནས་བཟུང་ཁོང་དང་སྒྲ་སྡུད་འཕྲུལ་འཁོར་དབར་གྱི་བྲལ་མི་ཕོད་པའི་ལས་དབང་དེ་འགོ་ཚུགས།
         “སྐབས་དེ་དུས་བོད་ལྗོངས་སུ་སྐྱོད་སྐབས་ངའི་ལས་འགན་ནི་རླངས་འཁོར་གཏོང་རྒྱུ་དེ་རེད། ལམ་བར་རོགས་པ་རྣམས་ཡུལ་པོ་མི་ཡོང་བའི་ཐབས་ཡག་ཤོས་དེ་སྒྲ་སྡུད་འཕྲུལ་འཁོར་ནས་རླུང་འཕྲིན་ཉན་རྒྱུ་དེ་རེད། ལོ་རབས་ལྔ་བཅུ་བར་སྒྲ་སྡུད་འཕྲུལ་འཁོར་ཡོད་ན་ཕྱུག་བདག་ཞིག་ཏུ་བརྩི་གི་ཡོད”ཅེས་བརྗོད་བྱུང་།
         བོད་ལྗོངས་སུ་ལས་ཀ་བྱེད་སྐབས་ཁོང་གི་སྒྲ་སྡུད་འཕྲུལ་འཁོར་དེ་ལས་ཁུངས་ཀྱི་གཅེས་ནོར་དུ་གྱུར་བ་དང་ལའོ་ཆན་ཡང་དེ་དང་ཆབས་ཅིག་མིང་གྲགས་ཆེ་རུ་ཕྱིན། “ཁོ་ཚོས་སྒྲ་སྡུད་འཕྲུལ་འཁོར་མཐོང་མྱོང་མེད་པས་ངལ་གསོའི་སྐབས་ངའི་སར་རླུང་འཕྲིན་ཉན་པར་ཡོང་ནས་ཕྱིའི་གནས་ཚུལ་ཤེས་ཐབས་བྱེད་ཀྱི་ཡོད”ཅེས་བརྗོད་བྱུང་།
         ལའོ་ཆན་གྱིས་བོད་ཀྱི་རླུང་འཕྲིན་བརྙན་འཕྲིན་འཕེལ་རྒྱས་ལ་དཔང་པོ་བྱེད།
         བོད་ལྗོངས་ཀྱི་རླུང་འཕྲིན་ལོ་རྒྱུས་སྐོར་ལའོ་ཆན་ལ་ཆུ་རྒྱུག་རྒྱུག་ཤོད་རྒྱུ་ཡོད། “ང་1959ལོར་བོད་དུ་ཡོང་བ་ཡིན། སྐབས་དེ་དུས་གནམ་ལོ་གསར་ཚེས་འཁེལ་བ་དང་ལྷ་ས་སྐུད་ཡོད་རླུང་འཕྲིན་ས་ཚིགས་དེ་སྐུད་མེད་རླུང་འཕྲིན་དུ་གྱུར་བ་དང་ཉིན་ལྟར་བོད་སྐད་དང་རྒྱ་སྐད་ནས་རླུང་འཕྲིན་ཆུ་ཚོད་བརྒྱད་གཏོང་གི་འདུག”ཅེས་བརྗོད་བྱུང་།
         དཔྱད་ཡིག་ནས་མངོན་པར། 1959ལོར་རླུང་འཕྲིན་ཁྱབ་ཚད་12%ཟིན་པ་དང་1978ལོར་བརྙན་འཕྲིན་ཁྱབ་ཚད་8%ཟིན་ཡོད། ད་ཆ་བོད་དུ་རླུང་འཕྲིན་དང་བརྙན་འཕྲིན་ཁྱབ་ཚད་95.21%དང་96.32%ཟིན་ཡོད་པ་རེད།
         “ད་ཆ་རླུང་འཕྲིན་ལེ་ཚན་དེ་སྔ་དང་བསྡུར་ན་ཕུན་སུམ་ཚོགས་སུ་ཕྱིན་པ་དང་རླངས་འཁོར་དང་ལག་ཐོགས་ཁ་པར་ནས་རླུང་འཕྲིན་ཉན་ཐུབ་པ་མ་ཟད། དྲ་བ་དང་བརྙན་འཕྲིན་ཡོད་པས་གང་ལྟ་འདོད་པ་དང་ཉན་འདོད་ན་ལྟ་ཆོག་ཆོག་དང་ཉན་ཆོག་ཆོག་ཡོད”ཅེས་བརྗོད་བྱུང་། 
      

    ཕྱོགས་བསྡུས་གསར་འགྱུར།