འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི"ཅིང་བོད་ཕུགས་བརྗིད་འཛིན་གྲྭ"པེ་ཅིང་དུ་སློབ་
    སྦྱོང་བྱེད་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། པེ་ཅིང་དུ་སློབ་སྦྱོང་ལ་འགྲོ་བའི་གོ་སྐབས་ཐོབ་པ་དེ་བོད་ཀྱི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་གི་ངོས་ནས་བརྗོད་ན། ཕུགས་བསམ་ཞིག་ལས་མ་འདས། གལ་སྲིད་པེ་ཅིང་གི་སློབ་གྲྭ་རྩེ་གྲའི་སློབ་མ་དང་ཕན་ཚུན་སྤེལ་རེས་ཐུབ་པ་དང་། གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ལྟ་ཐུབ་པ། ཀྲུང་གོའི་ཝང་ཆིའུ་སྤོ་ལོའི་འགྲན་བསྡུར་ལ་ལྟ་ཐུབ་པ་བཅས་ནི་དེ་བས་བསམ་ཡུལ་ལས་འདས་པའི་བྱ་བ་ཞིག་རེད། ཟླ་9ཚེས་23ཉིན། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི“ཅིང་བོད་ཕུགས་བརྗིད་འཛིན་གྲྭར”“མེས་རྒྱལ་གྱི་དྲིན་ལན་ཚོར། ཕུགས་འདུན་རྒྱལ་སར་འགྲུབ”ཅེས་པའི་པེ་ཅིང་དུ་སློབ་སྦྱོང་ལ་སྐྱོད་པའི་མཛད་སྒོ་འཚོགས་ཤིང་། ཁྱིམ་ཚང་དབུལ་པོའི་ཕུལ་བྱུང་སློབ་མ་31རྒྱལ་སར་སྐྱོད་པའི་མེ་འཁོར་དུ་བསྡད་དེ་དུས་ཡུན་ཉིན་12ཀྱི་ཕུགས་འདུན་པེ་ཅིང་དུ་འགྲུབ་པའི་ཡུལ་སྐོར་བྱེད་སྒོར་ཞུགས་པ་རེད།
         དེའི་རིང་པེ་ཅིང་ཀོང་ཆུས་མོན་སློབ་འབྲིང་དུ་ལྟ་སྐོར་བྱས་ཏེ་པེ་ཅིང་གི་ཕུགས་བརྗིད་འཛིན་གྲྭའི་སློབ་མ་དང་ཕན་ཚུན་སྤེལ་རེས་དང་། གནམ་བདེ་སྒོ་མོའི་ཐོག་ཁང་འཛེགས་ནས་རྒྱལ་དར་སྒྲེང་བའི་མཛད་སྒོར་ལྟ་བ། གོང་མའི་ཕོ་བྲང་དང་། ལྕགས་རི་རིང་པོ། རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་། རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་། ཀྲུང་གོ་ཚན་རིག་ལག་རྩལ་ཁང་། ཨོ་ལིམ་ཕིག་སྤྱི་གླིང་། བྱིའུ་ཚང་ལུས་རྩལ་ཐང་། ཆུ་ཤོ་གཟུགས་ཁང་བཅས་ལ་ལྟ་སྐོར། ཀྲུང་གོའི་ཝང་ཆིའུ་སྤོ་ལོའི་འགྲན་བསྡུར་ལ་ལྟད་མོ་ལྟ་བ་སོགས་པེ་ཅིང་བོད་སྐྱོར་བཀོད་འདོམས་པུས“ཅིང་བོད་ཕུགས་བརྗིད་འཛིན་གྲྭའི”སློབ་མ་ཚོར་ཕུན་སུམ་ཚོགས་པའི་རིག་འཕེལ་སློབ་སྦྱོང་གི“བཟའ་བཏུང”བྱེད་སྒོ་གྲ་སྒྲིག་བྱས་ཡོད་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི“ཅིང་བོད་ཕུགས་བརྗིད་འཛིན་གྲྭ”ནི་ལྷ་ས་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་བཅས་ཀྱི“སློབ་གསོར་བརྟེན་ནས་དབུལ་སྐྱོར་དང་གནད་སྨིན་དབུལ་སྐྱོར”གྱི་རྣམ་གྲངས་གལ་ཆེན་ཞིག་རེད། 2017ལོ་ནས་བཟུང་པེ་ཅིང་གྲོང་ཁྱེར་གྱིས་བོད་སྐྱོར་ཆེད་སྤྱོད་མ་དངུལ་ནས་སྒོར་ཁྲི་50གཤམ་སྤྲོད་བྱས་ཏེ་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་ལ་ཕྱོགས་པའི་གཱ་དང་ཡིག་ཚགས་བཟོས་པའི་ཁྱིམ་ཚང་དབུལ་པོར་རྒྱབ་སྐྱོར་བྱས་ནས་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར“ཅིང་བོད་ཕུགས་བརྗིད་འཛིན་གྲྭ”བཙུགས་པ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ད་དུང་མ་དངུལ་སྒོར་ཁྲི་4000ལྷག་ཙམ་བཏང་སྟེ“ཅིང་བོད་ཕུགས་བརྗིད་འཛིན་གྲྭ”སློབ་ཆུང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་རིམ་ལ་རྒྱ་བསྐྱེད་གཏོང་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།