འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་བྱ་ཐབས་སྣ་མང་སྤྱད་དེ"ཐེམ་བསྒྱུར་མཐོ་རྒྱུགས་པ"བཀག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་རྒྱུགས་ལེན་དོ་དམ་ལྟེ་གནས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། “ཐེམ་བསྒྱུར་མཐོ་རྒྱུགས་པ”འགོག་ཕྱིར་མཚོ་སྔོན་གྱིས་སློབ་གྲྭའི་སྐྱིད་སྡུག་དང་རྒྱུགས་སྤྲོད་ཡུལ་གཏན་འཁེལ་མེད་རིགས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་སྔར་བས་ནན་དུ་བཏང་ནས་དམངས་བཙུགས་མཐོ་འབྲིང་ལ“སློབ་གྲྭའི་སྐྱིད་སྡུག་གི་མིང་ཙམ་བཟུང་བ”དང་། “སློབ་ཕྲུག་དང་སྐྱིད་སྡུག་ཡ་བྲལ་བ” “ཐོ་ཡོད་ཀྱང་སློབ་གྲྭར་མེད་པ”སོགས་ཀྱི་གནད་དོན་ཐོན་རྒྱུ་གཏན་འགོག་བྱས་པ་མ་ཟད། རྒྱུགས་སྤྲོད་སློབ་མའི་ཐེམ་ཐོར་ཞིབ་བཤེར་བྱེད་པའི་འགག་སྒོ་མདུན་གྲལ་དུ་བཞག་ཡོད།
         ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་སློབ་བསྡུ་ཨུ་ལྷན་དང་། སློབ་གསོ་ཐིང་། སྤྱི་བདེ་ཐིང་བཅས་ཀྱིས་མཉམ་དུ་《2018ལོའི་མཐོ་སློབ་དཀྱུས་མར་མིང་ཐོ་འགོད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》བཀྲམ་པའི་ནང་། 2018ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་དང་། ཀྲོའུ། རྫོང(ཆུས་དང་གྲོང་ཁྱེར)གིས་ཞིང་ཆེན་ཕྱིར་མཉམ་དུ་གཉེར་བའི་མཐོ་རིམ་སློབ་འབྲིང་འཛིན་གྲྭའི་སློབ་ཐོན་སློབ་མའི་རྒྱུགས་སྤྲོད་ཐོབ་ཐང་ཐད་གཅིག་གྱུར་ཐོག་རྒྱུགས་སྤྲོད་སློབ་མའི་ཐེམ་ཐོ་གནས་ཡུལ་རྒྱུགས་སྤྲོད་སའི་སློབ་བསྡུ་གཞུང་དོན་ཁང་གིས་དེའི་ཐོབ་ཐང་ཞིབ་བཤེར་གྱི་འགན་ཁུར་བ་དང་སྦྲགས། རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ཐད་བདེན་པ་ཡིན་པའི་འགན་ཡང་ཁུར་དགོས་པ་བསྟན་ཡོད།
         དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་དམངས་འཛུགས་མཐོ་འབྲིང་གི་ཞིང་ཆེན་ཕྱིའི་ཡན་ལག་སློབ་གྲྭ་དང་མ་སློབ་སོགས་ལ་སློབ་སྦྱོང་བྱེད་མུས་ཀྱི་ཐེམ་ཁུངས་མཚོ་སྔོན་ནས་ཡིན་པའི་རྒྱུགས་སྤྲོད་མཁན་གྱིས་ངེས་པར་དུ་གཏན་འབེབས་ལྟར་ཞིང་ཆེན་ཕྱིར་གནས་གཡར་སློབ་སྦྱོང་བྱེད་པའི་ཞིབ་བཤེར་ཐོ་འགོད་འགྲོ་ལུགས་གཉེར་དགོས་པ་དང་། ཞིང་ཆེན་ཕྱིར་གནས་གཡར་སློབ་སྦྱོང་བྱེད་པའི་ཞིབ་བཤེར་ཐོ་འགོད་ཀྱི་ཆ་རྐྱེན་མ་འཛོམས་པའི་ཐེམ་ཁུངས་མཚོ་སྔོན་ནས་ཡིན་པའི་མཚོ་སྔོན་ཞིང་ཆེན་དམངས་བཙུགས་མཐོ་འབྲིང་གི་ཞིང་ཆེན་ཕྱིའི་ཡན་ལག་སློབ་གྲྭ་དང་མ་སློབ་སོགས་ལ་སློབ་སྦྱོང་བྱེད་མཁན་གྱིས་ངེས་པར་དུ་2017ལོའི་ཟླ་9ཚེས་15ཉིན་གོང་རང་ཁོངས་ཞིང་ཆེན་ནང་ལོག་ནས་སློབ་ཁུངས་གནས་ཡུལ་སློབ་འབྲིང་ནང་སློབ་སྦྱོང་བྱེད་དགོས། དེ་ལྟར་མ་བྱས་ཚེ་མཚོ་སྔོན་ཞིང་ཆེན་དུ་མཐོ་སློབ་དཀྱུས་མར་རྒྱུགས་སྤྲོད་ཀྱི་མིང་ཐོ་འགོད་མི་ཆོག
         དམངས་བཙུགས་མཐོ་འབྲིང་དུ་སློབ་ཁུངས་ཀྱི་མིང་ཙམ་བཟུང་བ་དང་ཐོ་བཀོད་ཀྱང་སློབ་གྲྭར་མེད་པའི་རྒྱུགས་སྤྲོད་སློབ་མ་ཡོད་པ་ཤེས་འཕྲལ་མཚོ་སྔོན་ཞིང་ཆེན་ནས་མཐོ་སློབ་རྒྱུགས་སྤྲོད་ནང་ཞུགས་པའི་ཐོབ་ཐང་ཐད་ཀར་མེད་པ་བཟོ་རྒྱུ་དང་ཆབས་ཅིག དེའི་འགན་འབྲེལ་ཡོད་མཐོ་སློབ་དང་རྒྱུགས་སྤྲོད་མཁན་སློབ་མ་སྒེར་གྱིས་འཁུར་དགོས།
         མཚོ་སྔོན་ཞིང་ཆེན་རྒྱུགས་ལེན་དོ་དམ་ལྟེ་གནས་ཀྱིས་ཐེམ་ཐོ་དོ་དམ་ནན་པོ་བྱ་རྒྱུ་དེ“ཐེམ་བསྒྱུར་མཐོ་རྒྱུགས་པ”འགོག་པའི་རྨང་གཞིའི་ལས་དོན་གལ་ཆེན་ཞིག་ཡིན་པས། མཚོ་སྔོན་གྱིས་2018ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་མཐོ་འབྲིང་ལོ་རིམ་དང་པོའི་སློབ་མར་རྒྱུགས་སྤྲོད་སློབ་མའི་ཐེམ་ཐོའི་གནས་ཚུལ་ཐོ་འགོད་དང་། ཞིབ་བཤེར། བརྡ་སྤྲོད་པ་བཅས་ཀྱི་ལམ་ལུགས་ལག་ལེན་བསྟར་རྒྱུ་གཏན་འཁེལ་བྱས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།