འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་དྲག་རྩལ་གྱི་སྟོན་མོ་རྒྱས་པོ་ཞིག་བཤམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་ར་ནས་བྲལ་མ་ཐག་པའི་དྲག་རྩལ་ལུས་རྩལ་པ་25ཡིས་ཉིའུ་གཡོད་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའི་ཚོམས་ཆེན་བཞི་པར་འཛོམས་ཏེ་ལྟད་མོ་བ་ཚོར་ངོ་མཚར་ཆེ་བའི་དྲག་རྩལ་འཁྲབ་སྟོན་བྱས་པ་རེད།
         ད་རེས་ཀྱི་བྱེད་སྒོ་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་རྒྱལ་སྤྱིའི་དྲག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་རེད། བྱེད་སྒོ་དེ་འདྲ་ཞིག་གཉེར་བའི་དམིགས་ཡུལ་ནི་རྒྱལ་སྤྱིའི་དྲག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་གོའི་དྲག་རྩལ་དང་ཐའེ་ཅི་དྲག་རྩལ་རིག་གནས་ལ་འཛམ་གླིང་གིས་སྔར་ལས་རྒྱུས་མངའ་ཆེན་པོ་ཡོང་བ་བྱ་རྒྱུ་དང་། ཀྲུང་གོ་དང་འཛམ་གླིང་དབར་གྱི་རིག་གནས་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།
         “འཆམ་མཐུན་དང་། བདེ་ཐང་། མཉམ་སྤྱོད”ཞེས་པའི་བརྗོད་དོན་གཙོ་བ་དེ་འཁྲབ་སྟོན་གྱི་མགོ་ནས་མཇུག་བར་ཁྱབ་ཅིང་། རུ་ངར་ལ་ཞིབ་ཚགས་པའི་ངང་གོ་རིམ་བསྒྲིགས་པའི་ཐའེ་ཅི་དྲག་རྩལ་དང་། ཡུང་ཁྲུན་དྲག་རྩལ། ནན་ཆོན་དྲག་རྩལ་སོགས་སྲོལ་རྒྱུན་དྲག་རྩལ་འཁྲབ་སྟོན་བྱས་ནས་ཀྲུང་གོའི་དྲག་རྩལ་འདི་ཉིད་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་པ་མཚོན་པར་བྱས་པ་རེད།
    ལྟད་མོ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཀྲུང་གོའི་དྲག་རྩལ་སྐུ་ཚབ་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཐའེ་ཅི་དྲག་རྩལ་རིག་གནས་ལྷན་ཚོགས་ཀྱི་སྐུ་ཚབ་སོ་སོས་ཐུན་མོང་ཐོག་གཞི་རྩའི་ནུས་རྩལ་དང་སྤར་ཁའི་དྲག་རྩལ་འཁྲབ་སྟོན་བྱས་ནས་ཆེད་དོན་འཁྲབ་སྟོན་གྱི་འགོ་བཙུགས་ཤིང་། འཁྲབ་སྟོན་དེ་《འཆམ་མཐུན་》དང་། 《བདེ་ཐང》 《མཉམ་སྤྱོད་》བཅས་ལེའུ་ཆེན་པོ་གསུམ་དུ་ཕྱེ་བ་དང་དུས་ཚོད་ཆུ་ཚོད་གཅིག་ལྷག་ཙམ་ཡོད་པའི་ནང་ལེ་ཚན་30ལྷག་ཙམ་ཚུད་ཡོད་པ་རེད།
         དྲག་རྩལ་གྱི་མཚོན་བྱེད་ཕོ་ཉ་ལི་ལན་ཅེ་བྱེད་སྒོར་ཞུགས་པ་དང་འབྲེལ་འཁྲབ་སྟོན་མ་བྱས་གོང་ཤིས་ཚིག་ཀྱང་གསུངས་པ་རེད།
         རྒྱལ་སྤྱིའི་དྲག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་གཞོན་པ་ཝུའུ་ཡན་ཀུའེ་ཡིས་རྒྱལ་སྤྱིའི་དྲག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་གཏོགས་སུ་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་མཐུན་ཚོགས་149ཡོད། དྲག་རྩལ་འདི་ཉིད་སའི་གོ་ལ་ཅན་གྱི་ལུས་རྩལ་ཞིག་ཏུ་གྱུར་ཡོད། སླད་ཕྱིན་རྒྱལ་སྤྱིའི་དབར་གྱི་དྲག་རྩལ་སྤེལ་རེས་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་ནས་དྲག་རྩལ་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།