འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཁན་པེ་རར་འཚམས་འདྲི་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་02ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཨོ་སི་ཁྲུ་ལི་ཡའི་རྒྱལ་ས་ཁན་པེ་རར་འཚམས་འདྲི་བྱས་ཏེ་ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་གི་དཔོན་རིགས་དང་། ཇུས་འདོན་ཚོགས་པ། སྨྱན་སྦྱོར་གྱི་གསར་འགོད་པ་སོགས་དང་སྤེལ་རེས་བྱེད་སྒོ་ཐེངས་མང་སྤེལ་ནས་བོད་ཀྱི་ལོ་རྒྱུས་དང་། རིག་གནས། ཆོས་ལུགས། དེང་སྐབས་ཀྱི་འཕེལ་རྒྱས་བཅས་ངོ་སྤྲོད་བྱས་པ་དང་འབྲེལ་ད་ལྟའི་བོད་ཀྱི་རྣམ་པ་མངོན་པར་བྱས་པ་རེད།
            ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་དང་ཐོག་ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་གི་དཔོན་རིགས་དང་ཐུག་འཕྲད་བྱས་པ་རེད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་འཕེལ་རྒྱས་བྱུང་བ་དེ་ཨོ་སི་ཁྲུ་ལི་ཡའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་དང་། ཨོ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བ་དང་དེ་བཞིན་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་མཛའ་གྲོགས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཞིང་ལས་དང་། ཚན་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ནང་བོད་རང་སྐྱོང་ལྗོངས་དང་ཕན་ཚུན་སྤེལ་རེས་དང་མཉམ་ལས་རྒྱ་ཁྱབ་བྱེད་འདོད་ཡོད་ཅེས་བཤད་པ་རེད།
          དེ་རྗེས་སྤེལ་རེས་ཚོགས་པའི་ཁོངས་མིས་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་དཔེ་མཛོད་ཁང་གི་མཁས་དབང་དང་ཨོ་སི་ཁྲུ་ལི་ཡའི་གཙོ་རྒྱུན་སྨྱན་སྦྱོར་གྱི་གསར་འགོད་པ་དང་སྤེལ་རེས་བྱས་ཏེ་གྲངས་གཞི་དང་དོན་དངོས་མང་དག་ཅིག་དྲངས་ཏེ་ཨོ་སི་ཁྲུ་ལི་ཡ་ཕྱོགས་ལ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་གི་འཛུགས་སྐྲུན་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད། སྤེལ་རེས་ཚོགས་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། རིག་གནས་ཤུལ་བཞག་སྲུང་སྐྱོང་། བོད་སྐད་ཡིག་བེད་སྤྱོད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་ལམ་ལུགས་སོགས་ཀྱི་ནང་དོན་ངོ་སྤྲོད་བྱས་པ་རེད།
          ཨོ་སི་ཁྲུ་ལི་ཡས་བཏོན་པའི་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ལ་དམིགས་ཏེ་སྤེལ་རེས་ཚོགས་པའི་ཚོགས་གཙོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཅུས་ཀྱི་སྐོར་གཟིགས་པ་གཞོན་པ་ཝང་ཡན་ཝུན་གྱིས་བོད་འདི་ཉིད་གནའ་སྔ་མོ་ནས་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་དང་། ཀྲུང་གོ་སྲིད་གཞུང་གིས་ཆོས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་གི་དར་ཆ་བསྒྲེངས་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་དང་ཞི་བདེར་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། རྒྱལ་སྤྱིའི་ཕྱོགས་གཏོགས་འགའ་ཞིག་གིས་ཏཱ་ལའི་རུ་ཚོགས་དང་ངན་པ་ལག་འབྲེལ་བྱས་ཏེ་ཀྲུང་གོ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ལ་དེ་བས་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད། ཁོང་གིས་ད་རེས་སྤེལ་རེས་ཚོགས་པ་ཡོང་དོན་ནི་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ད་ལྟའི་བོད་ལྗོངས་ཤེས་རྟོགས་ཡོང་བ་བྱས་ཏེ་ཨོ་སི་ཁྲུ་ལི་ཡའི་དམངས་ཚོགས་ལ་བོད་འདི་ཉིད་ཀྲུང་གོ་སྲིད་གཞུང་གི་འགོ་ཁྲིད་འོག མི་དམངས་ཀྱི་འཚོ་བ་སྐྱིད་པོ་དང་དུས་བདེ་ཞི་འཇགས་ཡིན་པ་ཤེས་སུ་འཇུག་རྒྱུ་ཡིན། དེ་མ་ཟད་རྒྱལ་ཁབ་གཉིས་པོའི་དབར་ཕན་ཚུན་བརྩི་འཇོག་བྱས་ནས་བོད་དང་འབྲེལ་བ་ཡོད་པའི་འགན་མི་ཁུར་བའི་གཏམ་འཆལ་འགའ་ཞིག་ལ་ངོ་རྒོལ་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད།
          ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ད་དུང་བོད་རང་སྐྱོང་ལྗོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཐད་སྤེལ་རེས་ཚོགས་པ་དང་གྲོས་མོལ་བྱས་ཤིང་། ཝང་ཡན་ཝུན་གྱིས་ཀྲུང་གོ་སྲིད་གཞུང་གིས་སྔར་ནས་ད་བར་བོད་མི་དམངས་ཀྱི་ཁེ་དབང་ལ་མཐོང་ཧ་ཅང་ཆེན་པོ་གནང་བ་མ་ཟད། བོད་མི་རིགས་ཀྱི་རིག་གནས་དང་ཆོས་ལུགས་ལ་བརྩི་འཇོག་ཆེན་པོའང་གནང་གི་ཡོད། བོད་རང་སྐྱོང་ལྗོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་པའི་གྲུབ་འབྲས་མངོན་གསལ་དོད་ཤོས་ནི་ཀྲུང་གོ་སྲིད་གཞུང་གིས་སྲིད་ཇུས་སྣ་ཚོགས་ལག་ལེན་བསྟར་ཏེ་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་བཏང་ནས་ཁོང་ཚོ་དབུལ་ཕོངས་ལས་སྒྲོལ་རོགས་བྱས་ཏེ་བོད་རིགས་མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་རེད་ཅེས་བརྗོད། ཁོང་གིས་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་ཐོག་མ་དེ་རེད་ཅེས་ནན་བཤད་གནང་བ་རེད།
           ཝང་ཡན་ཝུན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ད་རེས་ཀྱི་བྱེད་སྒོ་དེ་ལས་ཨོ་སི་ཁྲུ་ལི་ཡའི་ལས་རིགས་ཁག་གིས་བར་ཐག་ཉེ་པོས་བོད་ལྗོངས་ཉམས་ལེན་བྱས་ནས་བོད་ལྗོངས་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་རྒྱུའི་ཡིད་ཆེས་ཡོད། ཁོང་གིས་ཨོ་སི་ཁྲུ་ལི་ཡའི་གྲོགས་པོ་ཚོ་བོད་དུ་ཡུལ་སྐོར་དང་། རྟོག་ཞིབ། སློབ་སྦྱོང་བཅས་བྱེད་པར་ཡོང་ནས་ཡར་ངོའི་ཟླ་ལྟར་འཕེལ་བའི་བོད་ཀྱི་འགྱུར་བར་མྱོང་རོལ་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད།
          ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱི་མཁས་དབང་དང་གསར་འགོད་པས་ད་རེས་ཀྱི་སྤེལ་རེས་ཚོགས་པས་ངོ་སྤྲོད་བྱས་པའི་གནས་ཚུལ་ཐོག་ནས་བོད་ཀྱི་དོན་དངོས་ཤེས་རྟོགས་ཏན་ཏིག་ཐུབ་བྱུང་ཅེས་བརྗོད། ཁོང་ཚོས་སླད་ཕྱིན་ཀྲུང་གོས་རིག་གནས་སྤེལ་རེས་ཀྱི་ཚོགས་པ་དེ་འདྲ་ཨོ་སི་ཁྲུ་ལི་ཡར་ཡོང་རྒྱུའི་སྒྲིག་འཛུགས་མང་ཙམ་བྱས་ནས་ཁོང་ཚོས་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་བོད་ཀྱི་དོན་དངོས་ཤེས་རྟོགས་བྱེད་པ་ལས། སྨྱན་སྦྱོར་ལ་ལའི་ཆ་མི་ཚང་བའི་འཕྲིན་སྤེལ་བརྒྱུད་བོད་ཤེས་རྟོགས་བྱ་མི་དགོས་པའི་རེ་བ་ཡོད་ཅེས་བཤད།
           ཁན་པེ་རར་འཚམས་འདྲི་བྱེད་མཇུག་འགྲིལ་རྗེས་སྤེལ་རེས་ཚོགས་པས་ད་དུང་ནེའུ་ཙེ་ལན་གྱི་ཨའོ་ཁེ་ལན་ལ་འཚམས་འདྲི་སྤེལ་རེས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།