འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་
    གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འཆར་འགོད་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་02ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འཆར་འགོད་》(གཤམ་དུ་《འཆར་འགོད་》ཅེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ་ཞིང་ཆེན་གྱི་ཁྱད་ཆོས་དང་འཚམ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཁྱབ་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཛུགས་རྒྱུ་བཀོད་སྒྲིག་བྱས་ནས་ཅུང་འཐུས་སྒོ་ཚང་བའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་སྨན་བཅོས་ཞབས་ཞུའི་མ་ལག་དང་། ཅུང་འཐུས་སྒོ་ཚང་བའི་སྨན་བཅོས་འགན་ལེན་མ་ལག ཅུང་ཚད་ལྡན་གྱི་སྨན་རྫས་མཁོ་སྤྲོད་འགན་ལེན་མ་ལག་དང་ཕྱོགས་བསྡུས་ལྟ་སྡོམ་མ་ལག ཚན་རིག་དང་མཐུན་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་དོ་དམ་སྒྲིག་གཞི་དང་འཁོར་སྐྱོད་ལམ་སྲོལ་བཅས་ཆགས་རྒྱུར་སྐུལ་མ་བཏང་ཡོད་པ་རེད།
            《འཆར་འགོད་》ནང་མཚོ་སྔོན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་སྨན་བཅོས་སྒྱུར་བཅོས་ཀྱི་དམིགས་ཚད་གསལ་པོ་བཏོན་ཡོད་པ་སྟེ། 2020ལོར་སླེབས་སྐབས་མི་ཚང་མར་བདེ་འཇགས་དང་། ནུས་ལྡན། སྟབས་བདེ། གོང་ཁེ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་འདེགས་ཐོབ་གང་ཐུབ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རིམ་པ་མང་བའི་སྨན་བཅོས་འཕྲོད་བསྟེན་གྱི་དགོས་མཁོ་དང་སྤྱིར་ན་འཚམ་པ་བྱེད་པ། ཡུལ་མི་མི་རེའི་ཆ་སྙོམས་ཚེ་ཚད་2015ལོ་ལས་ལོ་2རིང་དུ་འགྲོ་བ། སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེད་མ་ཤི་ཚད་ཁྲི་25ནས་ཁྲི་10བར་ཆག་པ། ཕྲུ་གུ་དམར་འབྱར་ཤི་ཚད་10‰བར་ཆག་པ། ལོ་ལྔ་མན་གྱི་བྱིས་པ་ཤི་ཚད་12‰བར་ཆག་པ། གྲོང་མི་མི་སྒེར་གྱི་འཕྲོད་བསྟེན་གཏོང་སྒོས་འཕྲོད་བསྟེན་གྲོན་དངུལ་བསྡོམས་འབོར་གྱི་བསྡུར་ཚད་བཟུང་ཚད་25%མན་ཚོད་འཛིན་བྱ་རྒྱུ་བཅས་རེད།
           《འཆར་འགོད་》ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་གཙོ་བོ་ནི་ལམ་ལུགས་ཁག་5ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུའི་གཏན་འཁེལ་བྱས་པ་སྟེ། ཚན་རིག་དང་མཐུན་པའི་རིམ་དབྱེའི་སྨན་བཅོས་ལམ་ལུགས་དང་། ཚན་རིག་གི་ནུས་པ་ལྡན་པའི་དེང་རབས་སྨན་ཁང་དོ་དམ་ལམ་ལུགས། ནུས་ཆེའི་འཁོར་སྐྱོད་ཀྱི་དམངས་ཡོངས་ཀྱི་སྨན་བཅོས་འགན་ལེན་ལམ་ལུགས། ཚད་ལྡན་དང་གོ་རིམ་ལྡན་པའི་སྨན་རྫས་མཁོ་སྤྲོད་འགན་ལེན་ལམ་ལུགས། ཚད་གཞི་ནན་པའི་ཕྱོགས་བསྡུས་ལྟ་སྡོམ་ལམ་ལུགས་བཅས་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་དེ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། 2009ལོར་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་འགོ་ཚུགས་པ་ནས་བཟུང་། 2015ལོར་རྒྱལ་ཁབ་ནས་མཚོ་སྔོན་ཞིང་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཀྱི་ཚོད་ལྟའི་ཞིང་ཆེན་ནང་བཅུག་པ་དང་། སྨན་བཅོས་འགན་བཅོལ་དང་། སྨན་དང་སྨན་བཅོས། སྨན་བཅོས་བཅས“སྨན་གསུམ”མཉམ་འགུལ་ལ་དམིགས་ནས་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ཕྱོགས་7དང་གཙོ་གནད་སྒྱུར་བཅོས་ལས་འགན་ཁག་34ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་བསྡད་པའི་སྨན་རིན་གཏོང་སྤྲོད་ཀྱི་བསྡུར་ཚད་དེ་78%ཟིན་ཡོད། མིག་སྔའི་བར་ནད་ཆེན་ནད་པ་ཁྲི་16.3ལ་སྨན་བཅོས་འགན་བཅོལ་གྱི་སྨན་རིན་སྒོར་དུང་ཕྱུར་8གཏོང་སྤྲོད་བྱས་པ་དེས་མང་ཚོགས་དབུལ་པོ་མི་ཐེངས་ཁྲི་10.6སྨན་ཁང་དུ་སྡོད་རྒྱུར་རོགས་རམ་ཐུབ་ཡོད་པ་དང་། སྨན་བཅོས་རོགས་སྐྱོབ་ཀྱི་སྨན་རིན་སྒོར་དུང་ཕྱུར་1.9བཏང་ནས་དམིགས་བསལ་དཀའ་ངལ་ཡོང་མཁན་ལ་རོགས་རམ་བྱེད་ཚད་100%ཟིན་ཡོད། ཞིང་ཆེན་ཡོངས་ཀྱི་སྨན་ཁང་རིམ་པ་གསུམ་པ་དང་གཉིས་པའི་གཞི་རྩའི་སྨན་སྤྲོད་ཚད་དེ་80%དང་90%སོ་སོར་ཟིན་པ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་གཞི་རྩའི་སྨན་སྤྲོད་ཚད་དང་སྤྱོད་ཚད་ཚང་མ་100%ཟིན་པ། རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་གོང་མཐོར་ཕྱིན་པ། གྲོང་ཁྱེར་(ཀྲོའུ)རིམ་པའི་གཞུང་བཙུགས་སྨན་ཁང་དང་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་19ཡི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་ཕྱོགས་ཡོངས་ནས་འགོ་ཚུགས་ཡོད། མཚོ་སྔོན་གྱིས་ཞིང་ཆེན་དེ་ཡོངས་སུ་ཁྱབ་པའི་གཞི་རྩའི་སྨན་བཅོས་འགན་ལེན་དང་། སྨན་རྫས་མཁོ་འདོན་འགན་ལེན། སྨན་བཅོས་ཞབས་ཞུ་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་བཅས་རགས་ཙམ་བཙུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།