འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི“ལྷོ་རྩྭས་བྱང་ཕྱུགས་གསོ་བའི”ཕྱུགས་རྩྭ་དབོར་འདྲེན་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་30ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་28ཉིན། གཞིས་རྩེ་གྲོང་ཁྱེར་དང་ནག་ཆུ་ས་ཁུལ་གྱི“ལྷོ་རྩྭས་བྱང་ཕྱུགས་གསོ་བའི”ཕྱུགས་རྩྭ་དབོར་འདྲེན་བྱེད་ཐེངས་དང་པོའི་མཛད་སྒོ་རྣམ་གླིང་རྫོང་དུ་འཚོགས་ཤིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཐེངས་དང་པོར་ནག་ཆུ་ས་ཁུལ་ལ་གཟན་རྩྭ་གསོས་པ་ཏུན་15400དབོར་བ་རེད། དེ་ནི་བོད་ལྗོངས་ཀྱི་ལྷོ་རྒྱུད་ཞིང་ཁུལ་ནས་བྱང་རྒྱུད་འབྲོག་ཁུལ་དུ་བྲིན་ཚོང་བྱས་པའི་གཞི་ཁྱོན་ཆེ་ཤོས་ཀྱི་གཟན་རྩྭ་ཡིན་པ་དང་། དེ་ལས“ལྷོ་རྩྭས་བྱང་ཕྱུགས་གསོ་བའི”འདུ་འགོད་ལག་ལེན་དངོས་སུ་བསྟར་བའི་དུས་མཚམས་སུ་སླེབས་པ་དང་བོད་ལྗོངས་ཀྱི་རྩྭ་ཕྱུགས་གཞི་གཅིག་ཅན་འཕེལ་རྒྱས་གཏོང་འགོ་ཚུགས་པ་མཚོན་གྱི་ཡོད།
           གཞིས་རྩེར“བོད་ལྗོངས་ཀྱི་འབྲུ་མཛོད”ཅེས་བརྗོད་སྲོལ་ཡོད་པ་དང་རྨོ་ཞིང་དང་རྩྭ་རའི་རྒྱ་ཁྱོན་ལྗོངས་ཡོངས་ཀྱི་39%དང་16%སོ་སོ་བཟུང་བས། གཅིག་སྡུད་ཡུག་འབྲེལ་གྱི་རྩྭ་འདེབས་གསར་སྦོལ་ལ་འཚམ་པའི་ཐང་རྒོད་འབོར་ཆེན་ཡོད། ཁྲོམ་རར་ཕྱུགས་ཟོག་ཐོན་རྫས་ཀྱི་དགོས་མཁོ་ཆེ་རུ་སོང་བ་དང་སྦྲགས། གཞིས་རྩེས་མི་ཐབས་རྩྭ་འདེབས་ཀྱི་ཐོན་ལས་གསར་པ་འཚོལ་ཞིབ་བྱས་ཏེ“ཚན་རྩལ+མཉམ་ལས་ཁང+རྟེན་གཞི+ཞིང་དུད”བཅས་ཀྱི་མི་ཐབས་རྩྭ་འདེབས་མཉམ་ལས་ཁང་གི་གཉེར་སྐྱོང་བྱེད་སྟངས་ལག་ལེན་བསྟར་ནས་བྱང་རྒྱུད་འབྲོག་ཁུལ་དུ་གཟན་རྩྭ་ཁ་ཐང་བའི་གནད་དོན་ཞི་ལྷོད་དུ་གཏོང་བ་དང་འབྲེལ། ཞིང་ཁུལ་གྱི་རྩྭ་རའི་ཐོན་ལས་ཡོང་འབབ་ཀྱང་མཐོ་རུ་གང་ཐུབ་གཏོང་རྒྱུ་རེད།
            2013ལོ་ཚུན། གཞིས་རྩེ་གྲོང་ཁྱེར་གྱིས་རྣམ་གླིང་རྫོང་གཙོ་བོར་བྱེད་པ་དང་ཁང་དམར་རྫོང་དང་གཉའ་ནང་རྫོང་དང་ཟུང་འབྲེལ་གྱིས་མི་ཐབས་རྩྭ་འདེབས་ཀྱི་ཐོན་ལས་གཙོ་གནད་དུ་འཛུགས་སྐྲུན་བྱས་ཏེ་གྲོང་ཁྱེར་ཡོངས་སུ་ཁྱབ་པའི“གཙོ་བོ་གཅིག་དང་ཕལ་པ་གཉིས”ཀྱི་རྩྭ་ལས་འཕེལ་རྒྱས་རྣམ་པ་ཞིག་གཏོད་པའི་བརྩོན་ལེན་བྱེད་བཞིན་ཡོད། རྣམ་གླིང་རྫོང་གི་རྫོང་དཔོན་གཞོན་པ་བློ་ཚེས“རྫོང་ཡོངས་ཀྱིས་ཞིང་འབྲོག་དང་། ཆུ་བེད། ནགས་ལས། དབུལ་སྐྱོར་སོགས་སྡེ་ཚན་གྱི་རྣམ་གྲངས་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་1བསྡུ་སྒྲིལ་བྱས་ཏེ་མུའུ་ཁྲི་5.8ཀྱི་ཚད་གཞི་མཐོ་བའི་མི་ཐབས་རྩྭ་འདེབས་རྟེན་གཞི་བསྐྲུན་ནས་སླད་ཕྱིན་རྫོང་ཡོངས་ཀྱི་མི་ཐབས་རྩྭ་འདེབས་རྟེན་གཞིའི་རྒྱ་ཁྱོན་མུའུ་ཁྲི་10ཟིན་པ་བྱ་རྒྱུ་ཡིན”ཞེས་བརྗོད།
           མི་ཐབས་རྩྭ་འདེབས་རྣམ་གྲངས་ལག་ལེན་བསྟར་ནས་ལོ་2སོང་རིང་རྣམ་གླིང་རྫོང་གིས་ས་ཆ་བྱེ་འགྱུར་ལ་བཅོས་སྒྲིག་དང་བཀག་སྡོམ་བྱེད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་ཆབས་ཅིག མི་འབོར་དབུལ་པོར་འབབ་འཕར་གཏོད་རོགས་ཀྱང་བྱས་པ་རེད། “རྣམ་གྲངས་ལས་དུད་ཚང་དབུལ་པོའི་མི་གྲངས་6500ལྷག་ཙམ་སྐུལ་ཁྲིད་བྱས་ནས་མང་ཚོགས་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1700ཡན་བྱུང་ཡོད”ཅེས་བློ་ཚེས་བརྗོད།
           “ང་ཚོའི་འདི་གར་ཐང་རྒོད་ས་ཆ་མང་པོ་ཡོད་པ་དང་དེ་སྔོན‘ལྷགས་པ་ཆེན་པོ་བརྒྱབ་ཚེ་ཁང་པའང་མཐོང་རྒྱུ་མེད’2015ལོར་སྲིད་འཛིན་གྲོང་ཚོ་8དང་དུད་ཚང་1030ཞུགས་པའི་མི་ཐབས་རྩྭ་འདེབས་མཉམ་ལས་ཁང་བཙུགས་པ་དང་མཉམ་ལས་ཁང་ལ་ཞུགས་མཁན་མང་ཚོགས་6500ལྷག་ཙམ་ཟིན་གྱི་ཡོད། ད་ཆ་གཞོན་ནུ་དར་མ་ཚོར་ཉིན་རེར་སྒོར་100ཡན་རག་གི་ཡོད། བྱེ་རླུང་ཉུང་དུ་སོང་བ་དང་སྲོག་ཆགས་མང་དུ་ཕྱིན་ལ་གྲོང་མིའི་ཡོང་འབབ་ཀྱང་རྒྱུན་ཆད་མེད་པར་མང་དུ་སོང་ཡོད”ཅེས་ཨེ་མར་ཤང་གི་མི་ཐབས་རྩྭ་འདེབས་མཉམ་ལས་ཁང་གི་ལས་འཛིན་དཔོན། ལྷབ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མཆོག་ལས་ཀྱིས་བཤད།
            རྣམ་གླིང་རྫོང་གིས་མི་ཐབས་རྩྭ་འདེབས་ལ་བརྟེན་ནས་གཞི་ཁྱོན་ཅན་གྱི་ཐོན་མཐོའི་མི་ཐབས་རྩྭ་འདེབས་ཐོན་ལས་འཕེལ་རྒྱས་བཏང་བས། མི་ཕྱུགས་རྩྭ་གསུམ་གྱི་འགལ་བ་ཞི་ལྷོད་དུ་སོང་བ་མ་ཟད། ཕྱུགས་རིགས་ཀྱི་གཟན་རྩྭ་བདེ་འཇགས་ཡོང་ཕྱིར་ལམ་བུ་གསར་པ་ཞིག་བཏོད་ནས་བོད་ཀྱི་ས་གནས་ཁག་གི་གཟན་རྩྭ་འདང་ངེས་མེད་པ་དང་དུས་ཚིགས་རང་བཞིན་གྱི་མཁོ་སྤྲོད་དོ་སྙོམས་མེད་པའི་གནད་དོན་ཞི་ལྷོད་དུ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།