འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།འདུ་ཤེས་སྒྱུར་བར་སྐུལ་འདེད་བཏང་སྟེ་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བྱས་པ།

    —— སི་ཁྲོན་སེར་ཤུལ་རྫོང་གིས་ཐུམ་འབུའི་ནད་འགོག་བཅོས་ཀྱི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་30ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           “དེ་སྔོན་ས་ངོས་ཀྱི་ཆུ་གྲང་མོ་འཐུང་རྒྱུར་དགའ་པོ་ཡོད། འོན་ཀྱང་ད་ཆ་འཐུང་གི་མེད་ལ་ཕ་མར་ཡང་ལག་པ་ཡང་ཡང་འཁྲུ་རུ་འཇུག་པ་དང་ཤ་རྗེན་པ་མི་བཟའ་བར་ནང་མི་ཚང་མས་གཙང་སྦྲར་དོ་སྣང་བྱེད་ཀྱི་ཡོད”ཅེས་ལོ་11ལ་སླེབས་པའི་སྒྲོལ་མས་བཤད།
            སེར་ཤུལ་རྫོང་རྩྭ་ཐང་གྲོང་ཚོ་གཉིས་པར་ཡོད་པའི་སྒྲོལ་མའི་ཁྱིམ་ནི་འབྲོག་དུད་ཅིག་རེད། དེ་སྔོན་གྲོང་ཚོའི་མི་ཁག་གཅིག་ལ་ཐུམ་འབུའི་ནད་ཕོག་ནས་ནད་ཕོག་རྐྱེན་གང་ཡིན་པ་མི་ཤེས་སྟབས་ཚང་མས་འཇིགས་སྣང་བྱེད་ཀྱི་ཡོད། སློབ་གྲྭར་ཐུམ་འབུའི་ནད་འགོག་བཅོས་ཤེས་བྱ་དྲིལ་བསྒྲགས་བྱས་རྗེས་སྒྲོལ་མའི་སེམས་ཀྱི་འཇིགས་སྣང་རིམ་བཞིན་བསལ།
         ཆ་སྙོམས་ས་བབ་སྨི་4200ཡན་གྱི་མཁའ་རླུང་ལ་གསོ་རླུང་འདུས་ཚད་ཁྲེང་ཏུའུ་ཐང་གཤོངས་ཀྱི་45%རེད། དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སེར་ཤུལ་རྫོང་ནི་སི་ཁྲོན་གྱི་ཐག་རིང་ལུང་ཁུག་དང་ས་བབ་མཐོ་ཤོས་ཀྱི་རྫོང་གྲོང་ཞིག་རེད། 2015ལོའི་ཟླ་11པར་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་སེར་ཤུལ་རྫོང་དུ་རྒྱག་འགོ་ཚུགས།
         སེར་ཤུལ་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ཐུབ་བསྟན་ཚེ་རིང་གིས་ད་ལྟ་སློབ་མ་ཚང་མས་《ཐུམ་འབུའི་ནད་འགོག་བཅོས་ཀྱི་གཞས་》གཏོང་ཤེས་ཀྱི་ཡོད། རྫོང་ཡོངས་ཀྱི་དགེ་རྒན་678ཀྱིས་ཐུམ་འབུའི་ནད་འགོག་བཅོས་ཤེས་བྱ་མུ་མཐུད་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། གོམ་སྟབས་རྗེས་མར་ཕྲུ་གུ་དང་མི་རྒན་ལག་གདང་སྦྲེལ་བའི་བྱེད་སྒོར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་བདེ་ཐང་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།
         ཐུམ་འབུའི་ནད་ཕོག་པའི་ནད་པའི་སྨན་རྫས་ཚང་མར་རིན་པ་སྤྲོད་མི་དགོས་པ་མ་ཟད། གཤགས་བཅོས་དང་འགྲིམ་འགྲུལ་འགྲོ་གྲོན་ཚང་མ་སྨན་བཅོས་འགན་བཅོལ་དང་རྣམ་གྲངས་རོགས་སྐྱོར་སོགས་ཀྱི་ཐབས་ནས་ཐག་གཅོད་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་རོགས་སྐྱོར་འོག་སེར་ཤུལ་རྫོང་དུ་ཐུམ་འབུའི་ནད་ཕོག་པའི་ནད་པའི་སེམས་ཁྲལ་བསལ་ཡོད།
         “སེམས་པའི་རྡོག་ཁྲེས་རྦད་དེ་ཕབ་སོང”ཞེས་སྡེ་གཞུང་མ་ཤང་འཕྲོད་བསྟེན་ཁང་དུ་Bསྒྲ་རླབས་བརྒྱབ་ནས་བསྐྱར་ཞིབ་བྱེད་པར་ཡོང་མཁན་འབྲོག་པ་འཆི་མེད་ལྷ་བདེའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར། བརྟག་དཔྱད་བྱས་འབྲས་ལས་མངོན་པར། ཁོང་གི་ལུས་པོའི་ཐུམ་འབུའི་ནད་ཚོད་འཛིན་ནུས་ལྡན་ཐུབ་ཡོད་པ་རེད།
         ན་ནིང་དབྱར་ཁ་ཤང་ཡོངས་སུ་ལེབ་བཤེར་རྣམ་པའི་བརྟག་དཔྱད་བྱེད་རིང་འཆི་མེད་ལྷ་བདེར་ཐུམ་འབུའི་ནད་ཕོག་པ་ཤེས་ནས་འཕྲལ་མར་སྨན་རིན་མི་དགོས་པའི་སྨན་བཅོས་དང་ལེན་བྱས། “ཐོག་མར་རང་ཉིད་ལ་ནད་གཞི་དེ་ཕོག་པ་ཤེས་སྐབས་འཇིགས་སྣང་ཆེན་པོ་སྐྱེས་བྱུང་། དེ་རྗེས་ཉིན་ལྟར་སྔ་དགོང་དུས་ཐོག་ཏུ་སྨན་བཏང་བ་དང་ཟླ་བ་དྲུག་རེར་འཕྲོད་བསྟེན་ཁང་དུ་Bསྒྲ་རླབས་བརྒྱབ་ནས་བསྐྱར་ཞིབ་བྱེད་ཀྱི་ཡོད། དེ་དག་ལ་སྨན་རིན་སྐར་ལི་གཅིག་ཀྱང་སྤྲོད་དགོས་ཀྱི་མི་འདུག་ལ་སྨན་པས་ཀྱང་ངའི་ནད་གཞིར་སྨན་བཅོས་ཧུར་ཐག་བྱས་པས་སེམས་ཁྲལ་ཡང་རིམ་བཞིན་སེལ་སོང”ཞེས་འཆི་མེད་ལྷ་བདེས་བཤད།
         “འབྲོག་པ་ཚོར་ས་ངོས་ཀྱི་ཆུ་གྲང་མོ་ཐད་ཀར་འཐུང་བའི་གོམས་གཤིས་ཡོད་པས་ཐུམ་འབུའི་ནད་ཕོག་སླ་པོ་ཡོད། ཁྲོན་པ་གཏིང་རིང་འདྲུད་པ་བརྒྱུད་ཐུམ་འབུའི་ནད་འགོ་བའི་གནས་ཚུལ་ཐོན་མེད”ཅེས་སེར་ཤུལ་རྫོང་ཆུ་དོན་ཅུས་ཀྱི་ཅུས་ཀྲང་ལུའོ་ཆང་གིས་བཤད། བདེ་འཇགས་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་ཆེད། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་འགག་སྒྲོལ་དམག་འཐབ་བརྒྱབ་ཚུན། རྫོང་ཡོངས་སུ་གཏིང་ཚད་སྨི་35ནས་སྨི་70བར་ཡོད་པའི་ཁྲོན་པ་གཏིང་རིང་142འདྲུད་ནས་འདུས་སྡོད་ཁུལ་དུ་བདེ་འཇགས་འཐུང་ཆུ་སྤྱིར་ན་ཁྱབ་ཡོད་པ་དང་འདི་ལོ་ད་དུང་ཁྲོན་པ་གཏིང་རིང་200ལྷག་ཙམ་འདྲུད་ནས་མང་ཚོགས་རྣམས་བློ་བདེའི་ཆུ་འཐུང་ཐུབ་པ་བྱ་རྒྱུ་རེད།
         ཐུམ་འབུའི་ནད་ཕོག་ཉེན་ཆེ་བའི་མི་ཚོགས་ལ་གྲལ་བཤེར་བྱེད་ཚད་7.23%ནས་95.2%བར་འཕར་བ་དང་ཐུམ་འབུའི་ནད་འགོག་བཅོས་ཤེས་བྱ་ཤེས་ཚད་དེ་སྔའི་30%ནས་ད་ལྟའི་87.94%བར་འཕར་ཏེ་མང་ཚོགས་ཀྱི་ནད་འགོག་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་དང་བདེ་ཐང་གི་གོམས་གཤིས་ཀྱང་རིམ་བཞིན་འཇགས་ནས་མིག་སྔར་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་འགོག་བཅོས་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།