འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཚམས་ལས་བརྒལ་བའི་རྒྱ་གར་གྱི་མཐའ་སྲུང་མི་སྣ་ཚང་མ་ཕྱིར་འཐེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་30ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས་28ཉིན་གྱི་ཕྱི་དྲོ། ཀྲུང་གོ་དང་རྒྱ་གར་གྱི་ས་མཚམས་འབྲས་ལྗོངས་དུམ་བུ་ནས་ས་མཚམས་བརྒལ་བའི་རྒྱ་གར་གྱི་མཐའ་སྲུང་མི་སྣ་དང་སྒྲིག་ཆས་ཡོངས་རྫོགས་ས་མཚམས་ཀྱི་རྒྱ་གར་ཕྱོགས་སུ་ཕྱིར་འཐེན་བྱས་པ་ལས། རྒྱ་གར་གྱི་དམག་མིས་ས་མཚམས་བརྒལ་བའི་དོན་རྐྱེན་ཐག་གཅོད་ཐུབ་ཡོད་པ་རེད།
           ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཟླ་6ཚེས་18ཉིན་རྒྱ་གར་གྱི་མཐའ་སྲུང་དཔུང་སྡེས་ཁྲིམས་འགལ་ངང་ཀྲུང་གོ་དང་རྒྱ་གར་གྱི་ས་མཚམས་འབྲས་ལྗོངས་དུམ་བུའི་གཏན་འཁེལ་ཟིན་པའི་ས་མཚམས་ནས་བརྒལ་ཏེ་ཀྲུང་གོའི་གདོང་ལམ་ཡུལ་དུ་འཛུལ་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་ཐབས་ལམ་བརྒྱུད་རྒྱ་གར་ཕྱོགས་ལ་ཐ་ཚིག་ཐེངས་མང་བསྒྲགས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་དོན་དངོས་གསལ་བཤད་བྱས་པ། ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་བརྟན་པོ་དང་བླང་བྱ་གསལ་བཤད་བྱས་ཏེ་རྒྱ་གར་ཕྱོགས་ལ་འཕྲལ་དུ་ས་མཚམས་བརྒལ་བའི་མཐའ་སྲུང་དཔུང་སྡེ་ས་མཚམས་ཀྱི་རྒྱ་གར་ཕྱོགས་སུ་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བཏང་བ་དང་ཆབས་ཅིག ཀྲུང་གོའི་དམག་དཔུང་གིས་ཁ་གཏད་གཅོག་ཐབས་ནུས་ལྡན་སྤྱད་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཡོད་ཅེས་བཤད་པ་རེད།
          ཧྭ་ཁྲུན་ཡིང་གིས་ཚེས་28ཉིན་གྱི་ཕྱི་དྲོའི་ཆུ་ཚོད་2དང་སྐར་མ་30ཙམ་ལ་རྒྱ་གར་ཕྱོགས་ཀྱིས་ས་མཚམས་བརྒལ་ནས་ཀྲུང་གོའི་མངའ་ཁོངས་སུ་འཁྲས་ཏེ་ཟླ་གཉིས་ལྷག་སོང་བའི་རྒྱ་གར་གྱི་མི་སྣ་དང་སྒྲིག་ཆས་ཡོངས་རྫོགས་ས་མཚམས་ཀྱི་རྒྱ་གར་ཕྱོགས་སུ་ཕྱིར་འཐེན་བྱས་ལུགས་ཀྲུང་གོ་ཕྱོགས་ཀྱི་ས་ཆ་དེ་གར་ཡོད་པའི་མི་སྣས་ར་སྤྲོད་བྱས་འདུག ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ལོ་རྒྱུས་ཐོག་གི་ས་མཚམས་ཆིངས་ཡིག་གི་གཏན་འབེབས་ལ་གཞིགས་ཏེ་བདག་དབང་ལག་ལེན་བསྟར་ནས་མངའ་ཁོངས་བདག་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
          ཧྭ་ཁྲུན་ཡིང་གིས་ཀྲུང་གོ་སྲིད་གཞུང་གིས་རྒྱ་གར་དང་ཁྱིམ་མཚེས་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། རྒྱ་གར་ཕྱོགས་ཀྱིས་ལོ་རྒྱུས་ཐོག་གི་ས་མཚམས་ཆིངས་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ལ་བརྩི་སྲུང་ནན་ཏན་ཞུས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་མངའ་ཁོངས་བདག་དབང་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་མཐའ་མཚམས་ས་ཁུལ་ཞི་བདེ་དང་ཞི་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།