འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།“ང་ཚོས‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་ཞུ་རྒྱུ་ཡིན”

    —— ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་པེ་ཐེའར་ལ་བཅར་འདྲི་ཞུས་པའི་སྐོར། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་29ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          “ང་ཚོས་ཀྲུང་གོས་བཏོན་པའི‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ‘རྒྱུད་གཅིག་ལམ་གཅིག’གི་མཉམ་ལས་ལས་གཉིས་ཕན་ཐོབ་རྒྱུ་རེད”ཅེས་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་པེ་ཐེའར་གྱིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་གོང་གསལ་ལྟར་གསུངས།
          འདི་ལོ་ནི་ཀྲུང་གོ་དང་ལུ་ཙེམ་པོག་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་རེད། ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན། ཀྲུང་ལུའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་ཕྱིན་ནས་མངའ་ཁོངས་ཀྱི་རྒྱ་ཁྱོན་དང་མི་འབོར་མང་ཉུང་མི་འདྲ་བ་དང་། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ། འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བ་བཅས་ཡིན་པའི་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཀྱི་མིག་དཔེར་གྱུར་ཡོད།
          ཟླ་6པར་པེ་ཐེའར་གྱིས་ཀྲུང་གོར་དངོས་སུ་འཚམས་འདྲི་གནང་ཞིང་། འཚམས་འདྲིའི་སྐོར་གླེང་སྐབས་པེ་ཐེའར་གྱིས“ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ”ཞེས་པའི་གཏམ་དཔེ་དྲངས་ནས་འཚམས་འདྲི་བྱེད་རིང་ལུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་གསོན་ཤུགས་དངོས་སུ་ཚོར་བྱུང་ཞེས་གསུངས་པ་རེད།
         པེ་ཐེའར་གྱིས་ཀྲུང་གོ་དང་ལུ་ཙེམ་པོག་དབར་གྱི་འབྲེལ་བ་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞིའི་ཐོག་བཙུགས་ཡོད། ལུ་ཙེམ་པོག་གིས་ཀྲུང་གོ་ཕྱོགས་དང་ཚོང་དོན་མ་འཇོག་དང་། དངུལ་རྩ། བར་སྣང་ལག་རྩལ། ངར་ལྕགས། མཁའ་འགྲུལ། འཕྲིན་གཏོང་སོགས་ཁྱབ་ཁོངས་ནང་མཉམ་ལས་བྱས་ཏེ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་དང་མི་སྣ་འགྲོ་འོང་བྱེད་ཟབ་ཏུ་བཏང་ནས་ལུ་ཀྲུང་འབྲེལ་བ་ཟམ་མི་ཆད་པར་གོང་འཕེལ་གཏོང་འདོད་ཡོད་ཅེས་ནན་བཤད་གནང་།
         པེ་ཐེའར་གྱིས“རྒྱ་ཡིག་དེ་ཉིད་ལུ་ཙེམ་པོག་གི་སློབ་འབྲིང་སློབ་ཚན་ནང་བཅུག་ཡོད། ལུ་ཙེམ་པོག་གི་ཁུང་ཙི་སློབ་གླིང་ཡང་བསྐྲུན་དང་སྐྲུན་མུས་ཡིན། ལུ་ཙེམ་པོག་གི་རྐང་དངུལ་འཛིན་ལོར་ཉོ་ཚོང་སུའོ་ནི་ལྗང་མདོག་མ་འཇོག་གི་སྔོན་སྐྱོད་པ་དང་ཁོར་ཡུག་སྲུང་སྐྱོང་དངུལ་རྩའི་འབྱུང་གནས་རེད། དེས་མ་ཚད་ལུ་ཙེམ་པོག་གིས་ཡོ་རོབ་སྐམ་ས་ཆེ་མོའི་དངུལ་རྩའི་ཚན་རྩལ་ལྟེ་གནས་གསར་པར་འགྱུར་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ཁོར་ཡུག་སྲུང་སྐྱོང་དངུལ་རྩ་དང་དངུལ་རྩའི་ཚན་རྩལ་གཉིས་མ་འོངས་པར་ལུ་ཙེམ་པོག་དང་ཀྲུང་གོའི་མཉམ་ལས་ཀྱི་གཙོ་གནད་ལ་འགྱུར་སྲིད”ཅེས་གསུངས།
         ཀྲུང་གོ་དང་ལུ་ཙེམ་པོག་དབར་མཉམ་ལས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཀྲུང་གོ་གསར་པས་ཕྱི་རྒྱལ་དུ་བཙུགས་པའི་དངུལ་ཁང་གི་ཡན་ལག་སྒྲིག་གཞི་ཐོག་མ་དེ་ལུ་ཙེམ་པོག་ཏུ་ཡོད། ཉེ་དུས་ཀྲུང་གོ་ཀོང་ཏཱ་དངུལ་ཁང་ཡོ་རོབ་ཡན་ལག་དངུལ་ཁང་ལུ་ཙེམ་པོག་ཏུ་ལས་འགོ་འཛུགས་ཉེར་ཡོད་པ་དང་། དེ་ནི་ལུ་ཙེམ་པོག་ཏུ་བཙུགས་པའི་ཀྲུང་གོའི་མ་འཇོག་དངུལ་ཁང་བདུན་པ་དེ་ཡིན་པ་རེད།
         པེ་ཐེའར་གྱིས“ཀྲུང་གོའི་དངུལ་ཁང་གིས་ལུ་ཙེམ་པོག་འདི་ཉིད་ཡོ་རོབ་ཀྱི་ཁྲོམ་རར་འཛུལ་བའི་འགག་རྩར་བརྩི་ཡི་ཡོད། ཀྲུང་གོའི་ཡུལ་སྐོར་བས་ཀྱང་ལུ་ཙེམ་པོག་འདི་ཉིད་ཡོ་རོབ་དུ་བསྐྱོད་པའི་དམིགས་ས་དང་པོར་བརྩི་རྒྱུའི་རེ་བ་ཡོད”ཅེས་གསུངས།
         ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོར་འཛིན་པའི་ཉོ་ཚོང་སྲུང་སྐྱོང་རིང་ལུགས་ཀྱི་མགོ་བོ་འབུས་པའི་གནས་ཚུལ་ལ་དམིགས་ནས་པེ་ཐེའར་གྱིས་ཡོ་རོབ་ལ་ཀྲུང་གོ་དགོས་མཁོ་ཡོད་ལ་ཀྲུང་གོར་ཡང་ཡོ་རོབ་དགོས་མཁོ་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་བསམ་ཤེས་བྱས་ན་དེ་བས་ཟབ་པའི་མཉམ་ལས་བྱེད་ཐུབ་ལ་གཉིས་ཕན་ཡང་ཡོང་སྲིད། སྐད་ཆ་ཤོད་རེས་བྱ་རྒྱུ་ནི་བསམ་ཤེས་བྱེད་ཟབ་ཏུ་གཏོང་བའི་ཐབས་མཆོག་ཅིག་རེད། ང་ཚོས་རྟག་ཏུ་གནད་དོན་ནམ་ཡང་ན་སྐྱོན་ཆ་ཁོ་ནར་ལྡིར་ནས་མ་བསྡད་པར་གྲུབ་འབྲས་གང་འདྲ་ཐོབ་མིན་དེ་བས་མཐོང་ཐུབ་པ་བྱེད་དགོས་ཞེས་གསུངས།
         པེ་ཐེའར་གྱིས“རྩོད་གཞི་ཐོན་སྐབས་ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་བརྒྱབ་ནས་བསམ་འཆར་བརྗེ་རེས་བྱས་ཏེ་གནད་དོན་ཐག་གཅོད་བྱ་ཐབས་འཚོལ་དགོས་པ་ལས་བྱུང་མ་བྱུང་ལ་ཆད་གཅོད་ཀྱི་བྱ་ཐབས་སྤྱོད་མི་རུང་། ཕྱོགས་གཉིས་པོས་ཐུན་མོང་ཐོག་མཉམ་ལས་བྱེད་ཆོག་པའི་ཐབས་ལམ་བཙལ་ནས་གཉིས་ཀའི་ཁེ་ཕན་ཆེད་དུ་ལག་གདང་སྦྲེལ་དགོས། ཀྲུང་གོ་དང་ཡོ་རོབ་ཕན་ཚུན་ཁ་གཏད་དུ་མ་ལངས་པར་མཉམ་ལས་བྱས་ནས་གོང་འཕེལ་ཡོང་བ་བྱེད་དགོས”ཞེས་གསུངས།
         མཇུག་ཏུ་པེ་ཐེའར་གྱིས“ལུ་ཙེམ་པོག་ནི་རྒྱལ་ཁབ་ཆུང་ངུ་ཞིག་རེད། ཡིན་ནའང་ཀྲུང་གོ་དང་མཉམ་ལས་བྱས་ཚེ་ང་ཚོས་ཀྱང་ཐུན་མོང་ཐོག་བྱ་བ་ཆེན་པོ་ཁག་གཅིག་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད”ཅེས་ནན་བཤད་གནང་བ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཕན་ཀེ་ཕིང་གིས། 
      

    ཕྱོགས་བསྡུས་གསར་འགྱུར།