འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འཁོར་རྟེན་ཁེ་ལས་ཨ་རིའི་རླངས་འཁོར་བཟོ་ལས་ཀྱི་ལྟེ་བའི་ཁུལ་དུ་འཛུལ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་29ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཚེ་ཤིང་ཚོགས་པའི་མངའ་འོག་གི་CWཀུང་སིའི་མེ་གླིང་བྱང་མའི་བཟོ་སྐྲུན་ལྟེ་གནས་ཟླ་8ཚེས་25ཉིན་གྲོང་ཁྱེར་ཏི་ཐེ་ལུའུ་རུ་ལས་འགོ་ཚུགས་པ་དེ་ལས་ཀྲུང་གོའི་མཐོ་སྣེའི་བཟོ་སྐྲུན་ཁེ་ལས་ཤིག་ཨ་རིའི་རླངས་འཁོར་བཟོ་ལས་ཀྱི་ལྟེ་བའི་ཁུལ་དུ་འཛུལ་བ་མཚོན་པ་དང་། བཟོ་སྐྲུན་ལྟེ་གནས་དེས་ཨ་རིའི་བྲིན་ཁ་རྒྱུག་པའི་ཧྥུའུ་ཐེ་F150རྟགས་ཅན་གྱི་ཕི་ཁཱ་རླངས་འཁོར་ལ་སྤྱོད་པའི་ཕྱོགས་སྒྱུར་མ་ལག་གི་འཁོར་རྟེན་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
          ཏི་ཐེ་ལུའི་གྲོང་ཁྱེར་ཆེ་མོའི་ཁུལ་གྱི་ནུབ་བྱང་མཚམས་ཀྱི་གྲོང་ཁྱེར་ནོར་སི་ཝེར་གྱི་ཀྲུང་གོའི་འཁོར་རྟེན་བཟོ་སྐྲུན་ཁེ་ལས་ཚེ་ཤིང་ཚོགས་པའི་འཁོར་ཁང་གསར་པའི་ནང་ཡོངས་སུ་རང་འགུལ་ཅན་གྱི་ཐོན་སྐྱེད་སྒྲིག་ཆས་སྒྲིག་སྦྱོར་བྱས་ཟིན་ནས་ནུས་ཤུགས་ཡོད་རྒུས་ཨ་རིའི་ཧྥུའུ་ཐེ་དང་ཐུང་ཡུང་སོགས་རླངས་འཁོར་ཀུང་སི་ཆེ་གྲས་ལ་ཕྱོགས་སྒྱུར་མ་ལག་གི་འཁོར་རྟེན་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
         དེ་ཉིན་གྱི་ལས་འགོ་བཙུགས་པའི་བཟོ་སྐྲུན་བཟོ་གྲྭ་དེ་དུས་མཚམས་དང་པོའི་ལས་གྲྭ་ཡིན་ཞིང་། ཚེ་ཤིང་ཚོགས་པའི་ཨ་མེ་རི་ཁ་གླིང་གི་ཞིབ་བཟོ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧུའུ་ལི་རུང་གིས། གོམ་སྟབས་རྗེས་མར་ད་དུང་མ་རྩ་ཨ་སྒོར་ཁྲི་2000བཏང་ནས་དུས་མཚམས་གཉིས་པའི་བཟོ་གྲྭ་རྒྱག་རྒྱུ་རེད་ཅེས་དང་། ཁོང་གིས་མིག་སྔར་ཨ་རིའི་ཀུང་སིའི་ལས་མི་50ལྷག་གི་ཚོགས་པའི་ནང་ཀྲུང་གོའི་ལས་བཟོ་གཉིས་ཡོད་པ་ཕུད་དེ་མིན་བཟོ་པ་དང་། ཚོང་གཉེར་བ། ཞིབ་བཟོ་བ། དོ་དམ་ཚོགས་པ་ཚང་མ་ཨ་རི་བ་ཡིན་ཅེས་ངོ་སྤྲོད་བྱས།
         གྲོང་ཁྱེར་ཀྲེ་ཅཱ་ཀེར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཧུང་ལེས་དེ་ཉིན་གྱི་ལས་འགོ་འཛུགས་པའི་མཛད་སྒོར་ཞུགས་སྐབས། དེ་ནི་ཀྲུང་གོའི་ཁེ་ལས་ཀྱིས་སྨེ་ཤིས་ཀེན་ཀྲོའུ་རུ་བཞག་པའི་ལྗང་མདོག་མ་འཇོག་གལ་ཆེན་ཞིག་དང་། ཀྲུང་གོའི་ཁེ་ལས་དང་སྨེ་ཤིས་ཀེན་ཀྲོའུ་ཡི་མ་འཇོག་མཉམ་ལས་འབྲེལ་བ་འཕེལ་རྒྱས་ཕྱིན་པའི་དཔེ་མཚོན་གསར་པ་ཞིག་ཡིན་པ་དེས་ཨ་རིའི་ཚོང་ཤག་ལ་སྤུས་ཚད་ལེགས་པའི་ཐོན་རྫས་མཁོ་འདོན་གྱིས་ས་གནས་དེ་གར་ལས་ཞུགས་དེ་བས་མང་བ་དང་ས་གནས་དེ་གའི་སྲིད་གཞུང་ལ་ཁྲལ་འབབ་དེ་བས་མང་བ་བཏོད་ཐུབ་ལ། དེ་ལས་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འབྲེལ་བ་ནི་གཉིས་ཁེ་མཉམ་ལས་ཡིན་པ་གསལ་བཤད་ཀྱང་གང་ལེགས་བྱེད་ཐུབ་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།