འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མཚོ་ལྷོ་ཀྲོའུ་རུ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་པ་ལས་ཞིང་འབྲོག་
    པ་ཁྲི་གསུམ་ལ་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་29ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2016ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་30འཛུགས་སྐྲུན་བྱེད་པའི་ལས་འགན་སྒྲུབ་འགོ་བརྩམས་པ་དེ་རྫོང་5ཡི་ཤང་གྲོང་27དང་འབྲེལ་བ་ཡོད་པ་དང་ཞིང་འབྲོག་དུད་ཚང་8000ལྷག་ཙམ་གྱི་མི་32000ལྷག་ཙམ་ལ་ཕན་པ་ཐོབ་པ། འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་4.18བཏང་ཡོད། རྣམ་གྲངས་སུ་སྡོད་ཁང་འཛུགས་སྐྲུན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཁོར་ཡུག་བཅོས་སྒྲིག སྤྱི་པའི་ཞབས་ཞུའི་སྒྲིག་བཀོད། ཐོན་ལས་འཕེལ་རྒྱས་སོགས་ཚུད་ཡོད།
         འཛུགས་སྐྲུན་བྱེད་རིང་གྲོང་ཚོའི་འཕེལ་རྒྱས་ཀྱི་རྨང་གཞི་དང་། རང་བྱུང་ཁོར་ཡུག གྲོང་ཚོའི་བཀོད་པ། ཁྱད་ལྡན་ཐོན་ཁུངས་སོགས་ཀྱི་ཁྱད་ཆོས་གཞིར་བཟུང་རང་ངོས་འཕེལ་རྒྱས་ཀྱི་ལེགས་ཆ་དང་ས་ཁོངས་མི་རིགས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་འཆར་འགོད་སྒྲིག་བཟོ་བྱས་ཡོད། སྲོལ་རྒྱུན་གྲོང་སྡེ་དང་མི་རིགས་རིག་གནས་སྲུང་སྐྱོང་ལ་སྣང་ཆེན་བྱེད་པ་དང་སྦྲགས། གྲོང་གསེབ་ཀྱི་རིག་གནས་དང་གྲོང་མིའི་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་གྱིས“གྲོང་ཚོ་རེར་ཡུལ་ལྗོངས་རེ་དང་གྲོང་ཚོ་རེར་ཉམས་སྣང་རེ”གཏོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་ཡོད། གྲོང་སྡེ་བཅོས་སྒྲིག་བྱས་ཏེ་སྔོ་ལྗང་དང་། དཀར་ཆ་དོད་པ། དྭངས་གཙང་། མཛེས་སྡུག་ལྡན་པ་བཅས་སུ་འགྱུར་བའི་ལས་གྲྭ་ལག་ལེན་བསྟར་བས་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། གྲོང་གསེབ་ཀྱི་ཡུལ་སྐོར་དང་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་བཏང་བས། མི་རིགས་ཀྱི་རིག་གནས་དང་དེང་དུས་ཀྱི་ཤེས་དཔལ་རྣམ་པ་ལྡན་པའི་དཔེ་སྟོན་གྲོང་ཚོ་ཞིག་ཆགས་ཡོད་པ་རེད།
         དེ་དང་དུས་མཚུངས། སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་ད་དུང་ཞིང་འབྲོག་ཁུལ་དུ་ཞིང་པའི་སྡོད་ཁང་ཇུས་འགོད་བྱས་ཏེ་གཞན་འགུལ་རྣམ་པའི་ཉི་ནུས་དྲོད་ཁང་དང་། དྲོད་ལྡན་བར་ཁྱམས། ཆུ་སྲོ་ཆས། གྱང་ཕྱིའི་དྲོད་སྲུང་སོགས་ཀྱི་ནུས་རྒྱུ་བསྲི་ཚགས་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་བའི་ཁར་སྡོད་ཁང་མང་ཆེ་བར་སྤྱིར་ན་གསང་སྤྱོད་དང་ཐབ་ཚང་སོགས་རང་འགྲིག་ཡོད་པས། ཞིང་འབྲོག་པ་མང་དག་ཅིག་ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་གི་ཁྱད་ཆོས་ལྡན་པའི་གྲོང་མིའི་སྡོད་ཁང་གསར་པར་སྤོ་ཐུབ་ཡོད་ལ། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་ཞིང་འབྲོག་པར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་རེད།
         འདི་ལོ་མཚོ་ལྷོ་ཀྲོའུ་ཡིས“རྨོ་འདེབས་ཞིང་ནང་དུ་བྱེད་པ་དང་། གྲོང་མི་གྲོང་རྡལ་དུ་ཡོད་པ། རྨང་གཞིའི་སྒྲིག་བཀོད་གྲོང་རྡལ་ཅན། འཚོ་བའི་ཞབས་ཞུ་སྡེ་ཁུལ་ཅན། འཚོ་བ་སྐྱེལ་སྟངས་གྲོང་མི་ཅན”བཅས་ཀྱི་གྲོང་གསེབ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་རྣམ་པ་གསར་པ་གཞིར་བཟུང་ཕྱོགས་ཁག་གི་རྒྱབ་སྐྱོར་མུ་མཐུད་བརྩོན་ལེན་བྱེད་པ་དང་ཆབས་ཅིག མ་དངུལ་སྣ་ཚོགས་བསྡུ་སྒྲིལ་བྱས་ནས་ཤེས་དཔལ་དང་། ཞི་མཐུན། བདེ་སྐྱིད། མཛེས་སྡུག་བཅས་ལྡན་པའི་ས་མཐོའི་གྲོང་གསེབ་30སླར་ཡང་གཏོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།