འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ཀྱི་ཚད་ལེན་ཚོད་འཛིན་བྱ་གཞག་ལ་དུས་མཚམས་མང་པོའི་
    ལག་རྩལ་མངོན་འགྱུར་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་13ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ལོ་50རིང་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ཀྱི་ཚད་ལེན་ཚོད་འཛིན་བྱ་གཞག་ལ་འཕེལ་རྒྱས་ཟམ་མི་ཆད་པར་བཏང་བ་བརྒྱུད“བར་སྣང་དུ་འཕུར་བ་དང་། ས་ངོས་སུ་ལོག་པ། གོམ་བགྲོད་གཅིག་མཚུངས་ཀྱི་གནས་གཏན་འཁེལ། འཕུར་གྲུ་ཚུར་བསྡུ། སྐར་མང་དོ་དམ། བར་སྣང་མཐོན་པོར་ཚད་ལེན”སོགས་དུས་མཚམས་མང་པོའི་ལག་རྩལ་སྔ་རྗེས་སུ་མངོན་འགྱུར་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ནུས་པ་མང་བའི་དེང་རབས་ཅན་གྱི་ཕྱོགས་བསྡུས་ཚད་ལེན་ཚོད་འཛིན་དྲ་བ་ཆགས་ཏེ་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་དང་། རྒྱལ་དམངས་དཔལ་འབྱོར། ཚན་རྩལ། སྤྱི་ཚོགས་བཅས་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་རེད།
            ཤིས་ཨན་སྲུང་སྐར་ཚད་ལེན་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཡུས་ཕེ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་50ཡི་རིང་འཇིག་རྟེན་འཕུར་སྐྱོད་ཀྱི་ཚད་ལེན་ཚོད་འཛིན་མི་སྣ་མི་རབས་ནས་མི་རབས་བར་གྱིས་ལག་སྟོང་ཁྱིམ་འཛུགས་དང་དཀའ་སྤྱད་ལས་གཏོད་བྱས་ཏེ་རང་རྒྱལ་གྱི་སྲུང་སྐར་དང་པོ་དང་། ཕྱིར་ལོག་རྣམ་པའི་སྲུང་སྐར་དང་པོ། ལྷ་གྲུའི་གྲས་ཀྱི་འཕུར་གྲུ་སོགས་ཐེངས་300ལྷག་ཙམ་འཕེན་གཏོང་དང་ཚད་ལེན་ཚོད་འཛིན་གྱི་ལས་འགན་རྒྱལ་ཁའི་ངང་ལེགས་གྲུབ་ཐུབ་ནས་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ལོ་རྒྱུས་ཀྱི་ཨང་དང་པོ་ཁག་མང་པོ་བཏོད་པ་རེད།
           —— བར་སྣང་དུ་འཕུར་བ། 1970ལོའི་ཟླ་4ཚེས་24ཉིན་ཤར་ཕྱོགས་དམར་ཨང་དང་པོའི་སྲུང་སྐར་འཕེན་གཏོང་ལེགས་གྲུབ་བྱུང་ནས་རང་རྒྱལ་འཛམ་གླིང་ཐོག་གི་སྲུང་སྐར་འཕེན་མཁན་རྒྱལ་ཁབ་ཨང་ལྔ་པར་གྱུར་ཡོད། ལས་འགན་སྒྲུབ་རིང་ས་ཆ་ཁག་ཏུ་ཁྱབ་པའི་ས་ངོས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱིས་སྲུང་སྐར་ལ་རྗེས་སྙེག་ཚད་འཇལ་འཕྱུགས་མེད་བྱས་ཏེ་འཛམ་གླིང་གི་གྲོང་ཁྱེར་244ཡི་བར་སྣང་དུ་སྲུང་སྐར་འཕུར་བའི་དུས་ཚོད་དང་ས་ཆ་གྲུབ་འབྲས་ཐོན་པའི་ངང་སྔོན་བརྡ་བཏང་བ་རེད།
          —— ས་ངོས་སུ་ཕྱིར་ལོག་པ། 1975ལོའི་ཟླ་11ཚེས་26ཉིན་རང་རྒྱལ་གྱིས་ཕྱིར་ལོག་རྣམ་པའི་སྲུང་སྐར་དང་པོ་དེ་འཕངས་པ་དང་ཚད་ལེན་ཚོད་འཛིན་ཚུར་བསྡུའི་མི་སྣས་སྐུད་མེད་གློག་གི་འགྲོ་ཕྱོགས་གཏན་འཁེལ་གྱི་ཡོ་ཆས་སོགས་སྒྲིག་ཆས་སྤྱད་དེ་མགྱོ གས་མྱུར་ཕྱིར་ལོག་པའི་སྲུང་སྐར་ལ་བརྟག་དཔྱད་བྱས་པ་དང་སྲུང་སྐར་ཚུར་ལོག་ཐེངས་གཅིག་ཁོ་ནར་ལམ་ལྷོངས་བྱུང་བའི་ངོ་མཚར་བཏོད་དེ་རང་རྒྱལ་དེ་སྔའི་སུའུ་ལན་དང་ཨ་རིའི་རྗེས་ཀྱི་སྲུང་སྐར་ཚུར་བསྡུའི་ལག་རྩལ་ཁོང་དུ་ཆུད་པའི་རྒྱལ་ཁབ་ཨང་གསུམ་པར་གྱུར་པ་རེད།
          —— གོམ་བགྲོད་གཅིག་མཚུངས་ཀྱི་གནས་གཏན་འཁེལ། 1984ལོའི་ཟླ་4ཚེས་8ཉིན་རང་རྒྱལ་གྱིས་ཚོད་ལྟའི་འཕྲིན་གཏོང་སྲུང་སྐར་ཤར་ཕྱོགས་དམར་ཨང་གཉིས་པ་དང་པོ་འཕངས་པ་དང་ཚད་ལེན་ཚོད་འཛིན་མི་སྣས་ཉིན་མཚན་བརྒྱད་འབད་འཐབ་བྱས་པ་བརྒྱུད་སྲུང་སྐར་དེ་ཤར་གྱི་གཞུང་ཐིག་ཏུའུ་125དང་ཐིག་དམར་བར་སྣང་གི་སྤྱི་ལེ་36000ཡི་སའི་གོ་ལའི་གོམ་བགྲོད་གཅིག་མཚུངས་ཀྱི་འཁོར་ལམ་དུ་གཏན་འཁེལ་བྱས་ཏེ་རང་རྒྱལ་སའི་གོ་ལའི་གོམ་བགྲོད་གཅིག་མཚུངས་ཀྱི་སྲུང་སྐར་ཚད་ལེན་ཚོད་འཛིན་གྱི་གནས་གཏན་འཁེལ་བྱེད་པའི་ལག་རྩལ་ཁོང་དུ་ཆུད་པའི་རྒྱལ་ཁབ་ཨང་ལྔར་གྱུར་པ་རེད།
           —— འཕུར་གྲུ་ཚུར་བསྡུ། 1999ལོའི་ཟླ་11ཚེས་21ཉིན་ལག་རྩལ་དང་ཉམས་མྱོང་གི་གཞི་འཛིན་ས་གང་ཡང་མེད་པའི་གནས་ཚུལ་འོག་རང་རྒྱལ་གྱིས་ལྷ་གྲུའི་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་གྲུབ་འབྲས་ཐོན་པའི་ངང་ཚུར་བསྡུས་ཡོད། ད་བར་རང་རྒྱལ་གྱིས་ལྷ་གྲུའི་འཕུར་གྲུ་འཕེན་ཐེངས་11བྱས་པ་དང་ཚད་ལེན་ཚོད་འཛིན་མི་སྣས་ལས་འགན་རེ་རེ་བཞིན་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱས་ཏེ“སྐར་ཆ་30ཡི་ནང་རོགས་སྐྱོབ་མི་སྣ་ས་གནས་ས་ཐོག་ཏུ་འབྱོར་བ”དང་ཕྱིར་ལོག་གྲུ་ཚང་བབ་ཡུལ་གྱི་སྔོན་བརྡ་དང་དངོས་སུ་བབ་ཡུལ་དབར་ཧེ་བག་སྨི་280ལས་ཁྱད་པར་མེད་པ་སོགས་ཀྱི་ཟིན་ཐོ་སྔ་རྗེས་སུ་བཏོད་པ་རེད།
           —— སྐར་མང་དོ་དམ། རང་རྒྱལ་གྱི་འཁོར་ལམ་དུ་་ཡོད་པའི་འཇིག་རྟེན་འཕུར་སྐྱོད་ཡོ་ཆས་ཀྱི་གྲངས་འབོར་མང་དུ་འགྲོ་བ་དང་སྦྲགས་སྐར་མང་དོ་དམ་བྱེད་ནུས་ཆེ་རུ་གཏོང་བའི་དགོས་པ་ཧ་ཅང་ཆེན་པོ་ཡོད། ད་ཕན་ལོ་ཤས་རིང་ཚད་་ལེན་ཚོད་འཛིན་མི་སྣས་སྐར་མང་མཉམ་དུ་གནས་པའི་ཚོད་འཛིན་དང་། སྐར་ཚོམ་གྱི་ཆགས་དབྱིབས་ཚོད་འཛིན། སྐར་མང་གི་དཔུང་རུ་འཕུར་སྐྱོད་སོགས་འཁོར་ལམ་ཚོད་འཛིན་མཉེན་ཆས་ཁག་མང་པོ་རང་བརྟེན་ཞིབ་སྤེལ་བྱས་པ་དང་འཁོར་ལམ་རྩིས་རྒྱག་དང་ཚོད་འཛིན་སྤུས་དག་ཚད་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ནས་མིག་སྔར་དུས་གཅིག་ཏུ་འཁོར་ལམ་དུ་ཡོད་པའི་འཇིག་རྟེན་འཕུར་སྐྱོད་ཡོ་ཆས་བརྒྱ་ལྷག་ཙམ་གྱིས་འཁོར་ལམ་ཚད་ལེན་དང་། གནས་བབ་ལྟ་ཞིབ། གནས་སྟངས་ལེགས་སྒྲིག འཁོར་ལམ་ཚོད་འཛིན། སྲུང་སྐྱོང་ཉམས་བཟོ་བཅས་ཀྱི་ནུས་པ་ལྡན་ཡོད།
         —— བར་སྣང་མཐོན་པོར་ཚད་ལེན། ཟླ་བའི་གོ་ལར་འཚོལ་ཞིབ་ཐིག་ལེན་བྱེད་པ་སོགས་འདུ་འགོད་ཀྱི་ཁྲིད་སྟོན་འོག་ཚད་ལེན་ཚོད་འཛིན་མི་སྣས་བར་ཐག་རིང་བའི་རྗེས་སྙེག་ཚད་འཇལ་སོགས་འགག་རྩའི་ལག་རྩལ་ཁྱད་དུ་བསད་པས་འཚོལ་ཞིབ་ཐིག་ལེན་དང་ཚོད་འཛིན་བྱེད་ནུས་ཐད་སའི་གོ་ལའི་འཁོར་ལམ་ནས་ཟླ་བའི་གོ་ལ་དང་བར་སྣང་མཐོན་པོའི་འཁོར་ལམ་བར་འཇིག་རྟེན་འཕུར་སྐྱོད་ཡོ་ཆས་ཀྱིས་རྗེས་སྙེག་ཚད་ལེན་ཚོད་འཛིན་བྱེད་པའི་མཆོང་སྐྱོད་འགངས་ཆེན་མངོན་འགྱུར་བྱུང་བ་རེད། ཟླ་བའི་ལྷ་མོ་ཨང་དང་པོ་ཟླ་བར་སྐོར་བའི་འཕུར་སྐྱོད་ལ་ཚད་ལེན་ཚོད་འཛིན་འཕྲིན་གཏོང་གི་བར་ཐག་སྤྱི་ལེ་ཁྲི་40ཐོག་མར་ཟིན་པ་དང་ཟླ་བའི་ལྷ་མོ་ཨང་གཉིས་པའི་ལས་འགན་སྒྲུབ་རིང་ཚད་ལེན་ཚོད་འཛིན་གྱི་འཕྲིན་གཏོང་བར་ཐག་ཟིན་ཐོ་འགོད་ཚད་སྤྱི་ལེ་ཁྲི་8000བར་རྒྱ་ཆེར་ཕྱིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།