འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རབ་དཀར་ལྷག་བསམ་གཙང་མའི་སྤྲིན་གསེབ་ནས། ངོ་མཚར་སྨན་བཅོས་གྲུ་ཆར་ཕྱོགས་སུ་འཇོ།

    —— ཀན་སུའུ་ཡིས་སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱས་ཏེ་བོད་རིགས་ས་ཁུལ་དུ་རོགས་སྐྱོར་བྱས་པའི་སྐོར། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་13ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             ས་བབ་མཐོ་ཚད་སྨི་3500ཟིན་པའི་དབྱར་གཞུང་གི་རྩྭ་ཐང་དུ་ཚོན་མདོག་སྣ་ལྔའི་དར་ལྕོག་ལྷབ་ལྷབ་ཏུ་གཡོ་བཞིན། བོད་རིགས་འབྲོག་པ་ཚོས་ལག་ཏུ་ཁ་བཏགས་ཁྱེར་ནས་རྒྱུས་མངའ་ཆེ་ཤོས་ཀྱི་མགྲོན་པོ་སྟེ་ཀན་སུའུ་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་རུ་ཁག་ཕེབས་བསུ་ཞུ་བཞིན་མཆིས།
             ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་སླེབས་རིམ་བཞིན་བོད་སྐྱོར་སྨན་པ་ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པའི་ཡོན་ཀྲང་གཞོན་པ་ཆིའུ་ཧའོ་ཡིས་ཟིན་ཐོ་རེ་འགོད་པ་དང་འདི་ལོ་ནི་ཁོང་གིས་ཟིན་ཐོ་འགོད་ཐེངས་44རེད།
           ད་ཆ་ཡངས་ཤིང་རྒྱ་ཆེ་བའི་ཀན་ལྷོའི་རྩྭ་ཐང་གི་ས་ཕྱོགས་གང་སར་སྨན་པ་བཟང་པོའི་མཛད་མཆོག་གྲགས་དང་གྲགས་མུས་རེད། ཁོང་ཚོས་བྱམས་སྙིང་རྗེ་དང་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་ས་མཐོའི་འབྲོག་པའི་ནད་ཀྱི་སྡུག་བསྔལ་བསལ་ནས“གཏན་སྡོད”ཀྱི་སྨན་བཅོས་རུ་ཁག་ཅིག་བཞག་ཡོད།
         “ཀ་པ་རིམ་པ་གསུམ་པའི་སྨན་ཁང”བོད་རིགས་ས་ཁུལ་དུ་བཙུགས་པ་དང་ཁྱད་མེད་པ།
           ཞོགས་པ་ཆར་པ་བབས་ནས་གྲང་ངར་ཆེ་རུ་སོང་སྟབས། བོད་རིགས་རྒད་པོ་དོན་གྲུབ་ཀྱིས་བྱ་སྤུའི་ཕྱི་གོས་ཤིག་གྱོན་ཏེ་རང་ཁྱིམ་ལས་ཐོན་ནས་ཤར་རེར་རྨ་ཆུ་རྫོང་མི་དམངས་སྨན་ཁང་གནས་སའི་གེ་སར་ཁྲོམ་གཞུང་དུ་བསྐྱོད།
         ལོ་74སླེབས་པའི་རྒད་པོ་དོན་གྲུབ་ཀྱི་ཁྱིམ་རྨ་ཆུ་རྫོང་དུ་ཡོད། ཉེ་ལམ་རྫོང་དུ་སྨན་བཅོས་རོགས་སྐྱོར་གྱི་རིགས་གཅིག་མཁས་ཅན་སླེབས་པ་གོ་ཐོས་བྱུང་བས་རང་ཉིད་ཀྱི་རྐང་པའི་ནད་ལ་སྨན་བཅོས་ཇི་ལྟར་བྱེད་དགོས་མིན་སྐད་ཆ་གསལ་པོ་ཞིག་ཡོང་ངེས་རེད་སྙམ་སྟེ་རིགས་གཅིག་མཁས་ཅན་ཡོད་སར་བསྐྱོད།
            ཁོང་ལ་ནད་བརྟག་མཁན་ནི་སྨན་པ་ཆིའུ་ཧའོ་ཡིན་ཞིང་། དོན་གྲུབ་ཀྱིས་དོར་མ་ཡར་བརྫེས་ཏེ་དམར་སྨུག་ཏུ་གྱུར་པའི་ཉྭ་རིལ་བཏོན། སྨན་པ་ཆིའུ་ཧའོ་ཡིས་ནད་རྟགས་ཞིབ་པར་དཔྱད་རྗེས་ཞིབ་ཕྲའི་སྨན་བཅོས་བྱེད་སྟངས་བཤད་པ་མ་ཟད། ཤོག་བུ་ཞིག་ཏུ་རང་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་བྲིས་ཏེ། དོན་གྲུབ་ལ་ནད་གཞི་སྡུག་ཏུ་ཕྱིན་ན་ལམ་སེང་འབྲེལ་བ་བྱེད་དགོས་ལུགས་བཤད།
           དོན་གྲུབ་ལ་ཁྲག་རྩ་རྒྱས་པའི་ནད་ཕོག་ནས་ཡུན་རིང་སོང་བས་ནམ་རྒྱུན་གོམ་པ་སྤོ་སྐབས་ཀྱང་ཧ་ཅང་ཁག་པོ་ཡོད། གལ་ཏེ་ལན་ཀྲོའུ་རུ་ནད་བརྟག་སྨན་བཅོས་བྱེད་པར་བསྐྱོད་ན་བདལ་གླ་དང་སྨན་རིན་སོགས་འགྲོ་སོང་སྒོར་སྟོང་ཕྲག་འགའ་ཤས་དགོས་པ་སྨོས་མེད་རེད། ཡིན་ནའང་ད་ཆ་ཁོང་ཐག་རིང་པོར་འགྲོ་མ་དགོས་པར་རྨ་ཆུ་རང་དུ་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་སྨན་པ་བསྟེན་པས་བློ་བདེ་པོར་གྱུར།
           2015ལོའི་ལོ་མཇུག་ནས་ད་བར་ཀན་སུའུ་ཞིང་ཆེན་གྱིས་བསྟུད་མར་ཞིང་ཆེན་རིམ་པའི་སྨན་བཅོས་ཤེས་ལྡན་མི་སྣ་ཁག་གཉིས་མངགས་ཏེ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ནས། ཞིང་ཆེན་དང་གྲོང་ཁྱེར་གྱི“ཀ་པ་རིམ་པ་གསུམ་པའི”སྨན་ཁང10ཡི་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ཀན་ལྷོ་དང་དཔའ་རིས་ཀྱི་བོད་རིགས་ས་ཁུལ་ཀྲོའུ་ཡི་རྫོང་སྨན་ཁང་10ལ་ཁ་གཏད་རོགས་སྐྱོར་བྱས་ཤིང་། བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་དེ་དག་ཁོག་ནད་དང་། ཕྱི་ནད། བུད་མེད་ནད། བྱིས་ནད་སོགས་ཆེད་ལས་ལ་བྱང་ཆུབ་པ་དང་ཕན་ཚུན་ཟུང་འབྲེལ་བྱས་ན“ཀ་པ་རིམ་པ་གསུམ་པའི”སྨན་ཁང་ཆུང་ཆུང་ཞིག་དང་ཁྱད་མེད།
          རོགས་སྐྱོར་ཚན་པའི་རྒྱབ་སྐྱོར་འོག་ཀླུ་ཆུ་སོགས་རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་གི་གཤགས་བཅོས་ཁང་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་ཚད་གཞིར་སླེབས་ཡོད། ད་དུང་རོགས་སྐྱོར་དང་རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་དབར་སྨན་དཔྱད་བརྗེ་རེས་ལམ་སྲོལ་བཙུགས་ཡོད། འདི་ལོའི་ཟླ་4པར་རྨ་ཆུ་རྫོང་གི་ནད་གཞི་ལྕི་པོ་ཕོག་པའི་ནད་པ་121ཐད་ཀར་ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པར་སྨན་བཅོས་བྱེད་པར་བསྐྱལ་ཡོད། “ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་ཕྱོགས་གཉིས་པོའི་སྨན་ཁང་དབར་ཡུན་རིང་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་གཏན་འཁེལ་བྱུང་བ་དང་མི་རིང་བར་རྩྭ་ཐང་གི་འབྲོག་པ་རྣམས་ལ་ཀ་པ་རིམ་པ་གསུམ་པའི་སྨན་ཁང་བསྐྲུན་རྒྱུ་རེད”ཅེས་ཆིའུ་ཧའོ་ཡིས་བཤད།
          སྨན་བཅོས་ལག་རྩལ་རྩེར་སོན་ཡུལ་དེའི་སྨན་པར་བསླབས་པ།
          བོད་སྐྱོར་སྨན་པ་མ་སླེབས་གོང་རྨ་ཆུ་རྫོང་གི་འབྲོག་པ་མང་པོ་ཞིག་ལ་གཅོང་ནད་ཕོག་ཡོད་པས། ས་ཐག་རིང་བའི་གཞན་ཡུལ་དུ་སྨན་བཅོས་བྱེད་པར་འགྲོ་དགོས་པ་མ་ཟད། ཐ་ན་སྐེད་པར་ན་ཟུག་བརྒྱབ་པའི་ནད་པ་ཁག་གཅིག་ཀྱང་ཡུལ་དེའི་སྨན་པས་ལན་ཀྲོའུ་དང་ཁྲེང་ཏུའི་སྨན་ཁང་ཆེ་གྲས་སུ་སྨན་བཅོས་བྱེད་པར་འགྲོ་དགོས་ལུགས་བརྗོད་ཀྱི་ཡོད།
          2015ལོའི་དགུན་ཁར་ཀན་སུའུ་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་སྨན་བཅོས་ཤེས་ལྡན་མི་སྣ་ཁག་དང་པོའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་སྤྱི་ཁྱབ་རུ་དཔོན་ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པའི་ཀྲུང་ལུགས་གསོ་རིག་གི་དབུ་བཞུགས་རིགས་གཅིག་མཁས་ཅན་ཝང་ཧྲེ་པེའོ་ཡིས་སྨན་བཅོས་རུ་ཁག་གི་སྣེ་ཁྲིད་དེ་རྨ་ཆུ་རྫོང་དུ་བཅའ་སྡོད་བྱས། བོད་རིགས་ས་ཁུལ་དུ་སླེབས་མ་ཐག་པའི་ཉིན་འགའ་ཤས་རིང་ཉམས་ཞིབ་བྱས་པ་བརྒྱུད། ཁོང་གིས་རྨ་ཆུ་རྫོང་མི་དམངས་སྨན་ཁང་གི་Bསྒྲ་རླབས་དང་Xའོད་པར་མ་སྤྱད་པར་བཞག་ཡོད་པ་དང་ཀྲུང་ལུགས་གསོ་རིག་ཚན་ཁག་དེ་བས་ཀྱང་མེད་པ་མཐོང་། གནས་ཚུལ་དེ་དག་ཁོང་གི་བསམ་པའི་ཡུལ་ལའང་འཁོར་མྱོང་མེད།
          ཝང་ཧྲེ་པེའོ་ཡིས་བོད་སྐྱོར་བྱེད་པར་དུས་ཚད་ཡོད་པས། ཡུལ་དེར“གཏན་སྡོད”ཀྱི་སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་ཇི་ལྟར་བྱེད་དགོས་མིན་ཐད་བསམ་བློ་བཏང་། ཁོང་གིས་རྨ་ཆུ་རྫོང་མི་དམངས་སྨན་ཁང་ནས་ཀྲུང་ལུགས་གསོ་རིག་གི་རྨང་གཞི་ཡོད་པའི་ཀའོ་ཝུའུ་ཚའེ་དང་དབྱང་ཞའོ་པིང་དགེ་ཕྲུག་ལ་ཉར་ནས་ཀྲུང་ལུགས་གསོ་རིག་གི་ཤེས་བྱ་བསླབས། རྨ་ཆུ་རྫོང་གི་ནད་པ་མང་ཆེ་བ་ཐག་རིང་འབྲོག་ཁུལ་ནས་ཡིན་པས། སྨན་སྐོལ་སྐབས་སྟབས་བདེ་ཡོང་ཆེད། ཝང་ཧྲེ་པེའོ་ཡིས་ལན་ཀྲོའུ་ཡི་སྨན་འཚོང་མཁན་བོས་ཏེ་སྨན་རིལ་བུ་སྣ་ཁ་400ལྷག་ཙམ་བཟོས་པས། རྨ་ཆུ་རྫོང་མི་དམངས་སྨན་ཁང་ཀྲུང་ལུགས་གསོ་རིག་ཚན་ཁག་གི་རྨང་གཞིའི་གནད་དོན་ཐེངས་གཅིག་རང་ལ་ཐག་གཅོད་བྱུང་ཡོད།
          ལོ་གཅིག་གི་དུས་ཡུན་ཡུད་ཙམ་ཞིག་ལ་འདས་ནས་ཝང་ཧྲེ་པེའོ་ཡི་བོད་སྐྱོར་ལས་འགན་མཇུག་འགྲིལ་ཏེ་ལན་ཀྲོའུ་རུ་ལོག་རན། ཁོང་གི་འབད་བརྩོན་འོག་རྨ་ཆུ་རྫོང་མི་དམངས་སྨན་ཁང་གི་ཀྲུང་ལུགས་གསོ་རིག་ཚན་ཁག་གོ་རིམ་ལྡན་པའི་སྨན་བཅོས་ལམ་དུ་སྐྱོད་བཞིན་མཆིས། གསར་འགོད་པ་སྨན་ཁང་དེར་འབྱོར་སྐབས་དེ་གར་ཀྲུང་ལུགས་གསོ་རིག་གི་སྨན་རྫས་ཁང་དང་། སྨན་སྐོལ་ཁང་། རླངས་ལུམས་ཁང་། སྨན་ལུམས་ཁང་བཅས་ཆ་ཚང་ཡོད་པ་དང་། ཀྲུང་ལུགས་གསོ་རིག་གི་ཕྱོགས་བསྡུས་སྨན་བཅོས་ཁང་དུ་སྨན་བཅོས་བྱེད་མཇུག་འགྲིལ་མ་ཐག་པའི་བོད་རིགས་བུད་མེད་གཅིག་གིས་འཛུམ་དམུལ་དམུལ་ངང་ལག་གཡས་པའི་མཐེ་བོང་བསྒྲེངས་ཏེ་ཀའོ་ཝུའུ་ཚའེ་ལ་སྨན་པ་བཟང་པོ་ཞེས་བསྔགས་བརྗོད་ཚད་མེད་བྱེད་པ་མཐོང་།
          “ལོ་གཅིག་སྦྱངས་པ་བྱས་པ་བརྒྱུད་ངའི་ལག་རྩལ་ཡར་རྒྱས་ཆེན་པོ་ཕྱིན་པའི་ཚོར་སྣང་འདུག ངས་མེ་ཕོར་རྒྱག་པ་སོགས་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་བྱེད་སྟངས་8ཙམ་ཤེས་པས། རྐང་ལག་ན་བ་སོགས་རྒྱུན་མཐོང་གི་ནད་གཞི་ཙམ་མ་ཟད། རྒྱུ་ལག་གི་ནད་དང་མཁལ་མའི་རྡོ་སོགས་ཀྱང་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་བྱེད་སྟངས་སྤྱད་དེ་སྨན་བཅོས་བྱེད་ཐུབ་ཀྱི་འདུག”ཅེས་ཀའོ་ཝུའུ་ཚའེ་ཡིས་དེ་ལྟར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།