འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་སྨན་བཅོས་ཞབས་ཞུ་ལའང“རང་འདོད་མངགས་བཟོ”ལོངས་སྤྱོད་ཆོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་13ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཡུལ་མིས་ཁྱིམ་ནས་དོན་མི་དགོས་པར་ཁ་པར་ནས་ཁྱིམ་ཚང་སྨན་པའི་ཞབས་ཞུ་ལོངས་སྤྱོད་བྱ་ཆོག་པ་དང་སྨན་བཅོས་ཞབས་ཞུའང“རང་འདེམས་མངགས་བཟོ”ལོངས་སུ་སྤྱོད་ཆོག་གི་ཡོད། འདི་ལོའི་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གཙོ་གནད་ལས་འགན་10ཡི་གྲས་ཤིག་ཡིན་པའི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ངོས་ནས། ལོ་མཇུག་ཏུ་སླེབས་སྐབས་མཚོ་སྔོན་དུ་གན་འཇོག་ཞབས་ཞུ་ཁྱབ་ཚད་30%ཟིན་པ་དང་གཙོ་གནད་མི་ཚོགས་ལ་ཁྱབ་ཚད་60%ཡན་ཟིན་རྒྱུ་ཡིན་པ་རེད།
            ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུར་སྐུལ་འདེད་གཏོང་བ་ནི་སྨན་བཅོས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཛུགས་པའི་ནང་དོན་གལ་ཆེན་ཞིག་རེད། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང“སྔོན་ལ་ཚོད་ལྟ་བྱེད་པ་དང་རིགས་དབྱེའི་སྐུལ་འདེད་གཏོང་བའི”ལག་བསྟར་གོ་རིམ་དང་དུས་ཚོད་མཚམས་ཚིགས་གསལ་པོ་བཟོས་ཡོད། ལོ་སྟོད་དུ་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་དང་། མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་བཅས་སུ་ཚོད་ལྟའི་ལས་དོན་སྤེལ་རྒྱུ་རེད། ལོ་སྨད་ནས་བཟུང་ཞིང་ཆེན་ཡོངས་ཀྱི་རིམ་ཁག་འཕྲོད་བསྟེན་དང་འཆར་བཙའ་སྡེ་ཚན་གྱིས་གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུའི་མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་དང་སྒྲིག་གཞི་ཁག་དབར་སློབ་སྦྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ཡིད་ཆེས་བྱེད་ཚད་མཐོ་རུ་གཏང་རྒྱུ་རེད། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྨན་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་སྡེ་ཁུལ་དང་གྲོང་གསེབ་ཏུ་བསྐྱོད་ནས་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་དྲིལ་བསྒྲགས་དང་ས་གནས་ས་ཐོག་ཏུ་གན་རྒྱ་འཇོག་རྒྱུ་རེད། ས་ཆ་ཁག་གིས་གན་རྒྱ་འཇོག་ཡུལ་ལ་གཞི་རྩའི་སྨན་བཅོས་དང་། སྤྱི་པའི་འཕྲོད་བསྟེན། ཁ་ཆད་བྱས་པའི་བདེ་ཐང་དོ་དམ་ཞབས་ཞུ་བཅས་བྱེད་པ་དང་ཆབས་ཅིག ནད་གཞི་ཆེན་པོ་ཕོག་པའི་ནད་པར་ཕྱོགས་བསྡུས་དོ་དམ་དང་། དྲག་སྐྱེད་མཛུབ་ཁྲིད། ཁྱིམ་ཚང་ནད་སྐྱོང་། ཀྲུང་ལུགས་(བོད་ལུགས)གསོ་རིག་དང་སྨན་རྫས་ཀྱི“ཐ་མལ་ནད་མེད”ཞབས་ཞུ་དང་རྒྱང་རིང་བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་བདེ་ཐང་དོ་དམ་ཞབས་ཞུའི་རྣམ་གྲངས་མཁོ་འདོན་འཚོལ་ཞིབ་ཧུར་ཐག་བྱས་ཐོག མི་ཚོགས་མི་འདྲ་བར་དམིགས་པའི་རིམ་པ་མང་བ་དང་རིགས་མང་བའི་ཁྱད་ཆོས་ལྡན་པའི་གན་འཇོག་ཞབས་ཞུ་འཆར་འགོད་བྱས་ནས་མང་ཚོགས་ཀྱི་སྣ་མང་ཅན་གྱི་བདེ་ཐང་ཞབས་ཞུའི་དགོས་མཁོ་དེ་བས་ལེགས་པའི་ངང་བསྐང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།