འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་གཤོགས་ཆེ་བའི་སྐྱེ་བོ། ཀུན་ཡིད་མགུ་བའི་བསམ་འདུན།

    —— བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་གི་ཕྱུག་འགྱུར་སྣེ་ཁྲིད་པ་ཟླ་བ་རྒྱལ་མཚན་གྱི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་05ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་དུ་ལྷོ་ཁ་གྲོང་ཁྱེར་ཕོ་བྲང་ཀུན་བདེའི་དབུལ་སྐྱོར་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སི་ཞེས་པའི་ཀུང་སི་ཞིག་ཡོད། ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཟླ་བ་རྒྱལ་མཚན་གྱིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་སེམས་ལ་བཞག་ནས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ཏེ་དབུལ་སྒྲོལ་ཕྱུག་འགྱུར་བྱས་པ་དང་ཆབས་ཅིག་ཀུན་བདེའི་མང་ཚོགས་ལ་ཕན་འདོགས་པ་དང་ཡུལ་མི་སྤུན་ཟླའི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པ་རེད།
            ཟླ་བ་རྒྱལ་མཚན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་སྣེ་གདོང་ཆུས་ཕོ་བྲང་ཤང་གི་མི་ཡིན་པ་དང་། ཤང་དེ་ནི་སྣེ་གདོང་ཆུས་སུ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་མང་ཤོས་དང་། དབུལ་པོ་ཐོན་ཚད་མང་ཤོས། ལོར་ཆ་སྙོམས་མི་རེར་ཡོང་འབབ་དམའ་ཤོས་བཅས་ཡིན་པས། ཁོང་གིས་ཆུང་དུས་ནས་དབུལ་ཕོངས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བའི་བློ་ཐག་བཅད་པ་རེད། ཤིང་བཟོ་བ་ཞིག་ནས་རི་མོ་འབྲི་མཁན་ཞིག་བར་དང་ཟོག་འདྲེན་ཁ་ལོ་བ་ཞིག་ནས་གློག་བརྙན་སྟོན་མཁན་ཞིག་བར་ཡོང་འབབ་མང་པོ་མ་བྱུང་ཡང་ཕོ་གཞོན་ཟླ་བ་རྒྱལ་མཚན་གྱིས་ཕུགས་བསམ་བློས་གཏོང་གཏན་ནས་བྱས་མེད།
           2002ལོར་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ནས་ལྷོ་ཁ་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁག་ཚ་ཚ་འུར་འུར་བྱེད་བཞིན་ཡོད། མིག་རྒྱང་རིང་བའི་ཟླ་བ་རྒྱལ་མཚན་གྱིས་འཕྲལ་མར་ཨར་ལས་རུ་ཁག་ཆུང་གྲས་ཤིག་བཙུགས་ཏེ་ཞིང་འབྲོག་པའི་སྡོད་ཁང་དང་། ཟམ་པ་ཆུང་གྲས། ཆུ་ཡུར་སོགས་ལས་གྲྭ་ཆུང་གྲས་འགན་གཙང་བླངས་ཤིང་། ལས་གཏོད་བྱས་མ་ཐག་འབྲས་བཟང་ཐོབ་པ་རེད།
           2005ལོའི་ཟླ་གཉིས་པར་ཟླ་བ་རྒྱལ་མཚན་གྱིས་ལྷོ་ཁ་གྲོང་ཁྱེར་ཕོ་བྲང་ཀུན་བདེའི་དབུལ་སྐྱོར་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སི་ཐོ་བཀོད་འདུན་ཞུ་བྱས་ཤིང་། ཀུང་སི་བཙུགས་རྗེས་ཞིང་འབྲོག་པ་དེ་བས་མང་བས་ལག་ཤེས་སྣ་གཅིག་ཤེས་ཆེད། ཁོང་གི་ཀུང་སིས་ལོ་ལྟར་ཁག་ཐེངས་བགོས་ནས་གཞོན་ནུ་ཞིང་པ་18ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལྟེ་གནས་སློབ་གྲྭར་ཨར་ལས་ལག་རྩལ་གསོ་སྦྱོང་བྱེད་པར་བཏང་བ་རེད།
           ད་ཆ་ཕོ་བྲང་ཀུན་བདེའིེ་དབུལ་སྐྱོར་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིར་ཐོ་བཀོད་མ་དངུལ་སྒོར་ཁྲི་360ཟིན་པ་ནས་མ་དངུལ་སྒོར་ཁྲི་2600ཡོད་པའི་ཁེ་ལས་སུ་འཕེལ་རྒྱས་བྱུང་ཡོད།
          “གུང་ཁྲན་ཏང་ཡོད་སྟབས་གཞི་ནས་ད་ལྟའི་ཐམས་ཅད་བྱུང་བ་རེད། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངར་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་ཀུན་ལ་ཕན་བདེ་སྒྲུབ་པའི་འགན་འཁྲི་དང་འོས་འགན་ཡོད”ཅེས་ཟླ་བ་རྒྱལ་མཚན་གྱིས་བཤད།
          ཟླ་བ་རྒྱལ་མཚན་གྱིས་སྣེ་གདོང་ཆུས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་གོ་སྐབས་སྤྱད་དེ་སྣེ་གདོང་ཆུས་ཕོ་བྲང་ཤང་ཞོལ་གྲོང་ཚོར་རྒྱ་ཁྱོན་མུའུ་1000ལྷག་ཙམ་ཟིན་པའི་སྡོང་གསོ་ར་བ་ཞིག་བཙུགས་ནས་ཞོལ་གྲོང་ཚོ་དང་། མདའ་ཐང་གྲོང་ཚོ། བདེ་ཞིང་གྲོང་ཚོ་བཅས་ཀྱི་དུད་ཚང་དབུལ་པོའི་ཁྲོད་ཀྱི་གླ་པར་སྐྱོད་མི་ཐུབ་པའི་གྲོང་མི་དང་འགན་ལེན་ལྔའི་དུད་ཚང་སོགས་དམིགས་བསལ་ཚོགས་སྤྱིར་ལས་ཞུགས་ལས་གནས་70ལྷག་ཙམ་མཁོ་འདོན་བྱས་པ་དང་འབྲེལ། མང་ཚོགས་ལ་ལོར་ཡོང་འབབ་སྒོར་ཁྲི་168གསོག་རོགས་ཀྱང་བྱས་པ་རེད།
          དེ་དང་དུས་མཚུངས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད། ཟླ་བ་རྒྱལ་མཚན་གྱིས་ཕོ་བྲང་ཀུན་བདེའི་དབུལ་སྐྱོར་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིའི་སྣེ་ཁྲིད་དེ་མ་དངུལ་སྒོར་ཁྲི་49བཏང་ནས་ཕོ་བྲང་ཤང་བདེ་ཞིང་གྲོང་ཚོ་དང་ཞོལ་གྲོང་ཚོར་མཉམ་སྡེབ་ཆུ་འཐག་དང་ཡར་ཀླུང་ཀུན་བདེའི་འབྲོག་ལས་གསོ་ཚགས་མཉམ་ལས་ཁང་རེ་རེ་བསྐྲུན་ཏེ་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བའི་སྣེ་ཁྲིད་བྱས་པ་མ་ཟད། དཀའ་ངལ་ཡོད་པའི་དུད་ཚང་གི་ལས་ཞུགས་གནད་དོན་ཐག་གཅོད་ཀྱང་བྱས་པ་རེད།
         “མེ་ཏོག་རྐང་གཅིག་རབ་ཏུ་བཞད་ཀྱང་དཔྱིད་ཀ་ཤར་བ་མིན། མེ་ཏོག་སྣ་མང་མཉམ་དུ་བཞད་ཚེ་གཞི་ནས་དཔྱིད་ཀ་ཤར་བ་ཡིན”ཞེས་པ་ལྟར་ཐོན་ལས་དབུལ་སྐྱོར་བྱེད་པ་དང་ཆབས་ཅིག་ཟླ་བ་རྒྱལ་མཚན་གྱིས་རང་ནུས་ལྕོགས་ཚོད་ཀྱིས་མང་ཚོགས་དབུལ་པོར་རོགས་རམ་བྱེད་པ་དང་། དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྤྲོད་པ། གྲོང་ཚོའི་བཀོད་པ་ལེགས་སུ་གཏོང་བ་བཅས་བྱས་ནས་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་རྦད་དེ་དབུལ་སྒྲོལ་བྱས་པ་རེད།
          ས་གནས་དེ་གའི་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་ཅུང་སྲོལ་རྒྱུན་ཡིན་པ་ཤེས་རྗེས། ཟླ་བ་རྒྱལ་མཚན་གྱིས་སྒོར་ཁྲི་35བཏང་ནས་མདའ་ཐང་གྲོང་ཚོ་དང་། བདེ་ཞིང་གྲོང་ཚོ། ཞོལ་གྲོང་ཚོ་བཅས་ཀྱི་དཀའ་ངལ་ཡོད་པའི་དུད་ཚང་30ལ་ཞིང་ལས་འཕྲུལ་ཆས་ཆ་ཚང་རེ་ཉོས་ཏེ་ཁོང་ཚོར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་རང་ཉིད་ཀྱི་རིན་ཐང་མངོན་དུ་བཅུག་པ་རེད།
         དེ་དང་དུས་མཚུངས་ཟླ་བ་རྒྱལ་མཚན་གྱིས་2016ལོ་ནས་བཟུང་ལོ་ལྟར་ཀུང་སིའི་ཁེ་སྤོགས་ནས་མ་དངུལ་20%གྲོང་ཚོ་གསུམ་གྱི་དུད་ཚང་དབུལ་པོའི་སྡོད་གནས་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་སློབ་ཆེན་སློབ་མར་རོགས་རམ་བྱེད་པ། ལམ་ཉམས་བཟོ་བྱེད་པ། གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་སྤྱོད་རྒྱུའི་ཁས་བླངས་པ་རེད།
          “ངའི་རྩ་བ་ཕོ་བྲང་ཤང་དུ་ཡོད། ང་དང་ཡུལ་མི་རྣམས་ཐོག་མཐའ་བར་གསུམ་དུ་མཉམ་དུ་གནས་ཡོད། ང་ཕྱུག་པོ་ཆགས་ནའང་ཡུལ་མི་བརྗེད་ག་ལ་སྲིད། ཕ་ཡུལ་ཕྱུག་པོ་ཆགས་ན་རང་ཉིད་གཞི་ནས་ཕྱུག་པོ་ཡིན”ཞེས་ཟླ་བ་རྒྱལ་མཚན་གྱིས་དེ་ལྟར་བརྗོད་ཀྱི་ཡོད་ལ་དེ་ལྟར་ཡང་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།