འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ལ་ལེགས་པ་དང་འཕེལ་རྒྱས་གྲུབ་འབྲས་
    ལས་མང་ཚོགས་ལ་ཕན་པ་མགྱོགས་མྱུར་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་05ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ལོ་24བསྟུད་མར་དཔལ་འབྱོར་གྲངས་གནས་གཉིས་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་ཐོག འདི་ལོའི་ལོ་སྟོད་དུ་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སླར་ཡང་གཏམ་བཟང་གྲགས་ནས་དཔལ་འབྱོར་དམིགས་ཚད་གཙོ་བོ་ཁག་གི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་སྟེ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་དང་བསྡུར་ན་10.8%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་དང་བསྡུར་ན་སོ་སོར་10%དང་13.9%འཕར་བ། ས་གནས་ནོར་སྲིད་ཡོང་འབབ་དུས་མཚུངས་དང་བསྡུར་ན་54.5%འཕར་ཡོད།
           “དཔལ་འབྱོར་དམིགས་ཚད་གཙོ་བོ་ཁག་གི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དེ་བོད་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་གནས་ཚུལ་ཞིག་རེད། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལོ་རྒྱུས་ཀྱི་དུས་སྐབས་བཟང་ཤོས་སུ་སླེབས་ཡོད”ཅེས་ཚེས་2ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འགན་འཁུར་མི་སྣ་གཙོ་བོས་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་བརྡ་ཁྱབ་དབྱེ་ཞིབ་ཚོགས་འདུའི་ཐོག་དེ་ལྟར་བརྗོད།
           ཉེ་བའི་ལོའི་རིང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཕེལ་རྒྱས་ནི་བོད་ཀྱི་གནད་དོན་ཐམས་ཅད་ཐག་གཅོད་བྱེད་པའི་འགག་རྩར་བརྩིས་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་དཔལ་འབྱོར་ལས་དོན་གྱི་གཙོ་རྐང་དུ་བརྩིས་པས། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་ལ་བརྟན་ལ་མྱུར་བ་དང་། མྱུར་ལ་ཡག་པ། ཡག་ལ་ལེགས་པའི་ཁྱད་ཆོས་མངོན་ཡོད། འདི་ལོའི་ལོ་སྟོད་དུ་རིམ་རྩིས་བྱས་ན་ཀྲུང་དབྱང་སྲིད་གཞུང་གི་མ་དངུལ་སྒོར་དུང་ཕྱུར་501དམིགས་སར་འབྱོར་བ་དང་བོད་སྐྱོར་རྣམ་གྲངས་238ལག་བསྟར་བྱས་པས། ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་200ཡི་འཛུགས་སྐྲུན་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་པ་མ་ཟད། ལས་ཞུགས་ལས་གཏོད་དང་། སྤྱི་ཚོགས་འཛད་སྤྱོད། ཐ་ན་ཡུལ་སྐོར་ཁྲོམ་རའི་དར་རྒྱས་ལ་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད། ལོ་སྟོད་དུ་བོད་ལ་ཆ་སྙོམས་ཉིན་རེར་ཁྲོམ་རའི་བྱེད་པོ་117ཐོ་འགོད་བྱས་ནས་ཐོན་ཡོད་པས་ཁྲོམ་རའི་བྱེད་པོ་ཐོན་ཚད་སྔར་བྱུང་མྱོང་མེད་པ་ཞིག་རེད།
           འཕེལ་རྒྱས་གྲུབ་འབྲས་ལས་དམངས་ཕན་མགྱོགས་མྱུར་བྱུང་བ་ནི་ལོ་སྟོད་ཀྱི་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་ཞིག་རེད། བོད་ལྗོངས་ཀྱིས་གསར་དུ་འཕར་བའི་ནོར་ཤུགས་ཀྱི་མང་ཆེ་བ་སྤྱི་པའི་ཞབས་འདེགས་ལེགས་སུ་གཏོང་བ་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་དམངས་འཚོའི་ཁྱབ་ཁོངས་སུ་བཞག་ཡོད། ལོ་སྟོད་དུ་ལྗོངས་ཡོངས་ཀྱིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་1023ལས་འགོ་བཙུགས་ནས་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཞིང་འབྲོག་པར་སྣོད་བཅུད་ཁ་གསབ་ཀྱི་ལས་ཞུགས་ལས་གནས་གསར་པ་ཁྲི་20མཁོ་འདོན་བྱས་པ་དང་འབྲེལ། ལས་གནས་དེ་དག་གི་མི་རེའི་ཆ་སྙོམས་ལོའི་ཁ་གསབ་ཚད་གཞི་སྒོར་3000བར་མཐོ་རུ་བཏང་བ་དང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཁ་གསབ་ཚད་གཞི་མི་རེར་ཆ་སྙོམས་སྒོར་475བར་མཐོ་རུ་བཏང་བ། ནད་ཆེན་སྤྱི་འདོམས་ཐེབས་རྩས་མ་དངུལ་མཐོ་ཤོས་གཏོང་བའི་བཅད་གྲངས་སྒོར་ཁྲི་6བར་མཐོ་རུ་བཏང་ཡོད། ས་བབ་མཐོ་བ་སོགས་དམིགས་བསལ་ས་ཁོངས་ཀྱི་ཞིང་འབྲོག་པ་ཡུལ་གཞན་དུ་གནས་སྤོས་པར་མ་དངུལ་སྒོར་དུང་ཕྱུར་18བཏང་སྟེ་བཀོད་སྒྲིག་ཁུལ་ཆུང་190འཛུགས་སྐྲུན་བྱས་པ་དང་བདེ་སྡོད་ཁང་པ་ཁྲི་1.5ལྷག་ཙམ་བསྐྲུན་ཡོད། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་ཐེངས་ཁྲི་62གཞན་སྒྱུར་བྱས་པས་ངལ་ལས་ཡོང་འབབ་སྒོར་དུང་ཕྱུར་17.39བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།