འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་ཡུལ་སྐོར་ལས་རིགས་ཀྱི་ཡུལ་སྐོར་སྣེ་ཤན་པའི་ངལ་རྩོལ་གན་རྒྱའི་མ་དཔེ་ཁྱབ་
    གདལ་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་05ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་མི་སྤྱི་ཐིང་དང་ཡུན་ནན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་《ཡུལ་སྐོར་ལས་རིགས་ཀྱི་ཡུལ་སྐོར་སྣེ་ཤན་པའི་དོ་དམ་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་》མཉམ་འབྲེལ་ཐོག་པར་འགྲེམས་བྱས་ནས་《ཡུན་ནན་ཞིང་ཆེན་ཡུལ་སྐོར་ལས་རིགས་ཀྱི་ཡུལ་སྐོར་སྣེ་ཤན་པའི་ངལ་རྩོལ་གན་རྒྱ་(བེད་སྤྱོད་བྱ་རྒྱུར་འོས་སྦྱོར་བྱས་པའི་མ་དཔེ)》དངོས་སུ་ཁྱབ་གདལ་བཏང་ནས་ཡུལ་སྐོར་སྣེ་ཤན་པ་དང་གན་རྒྱ་འཇོག་པའི་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཞིང་། བརྡ་ཐོའི་ནང་ངལ་རྩོལ་གན་རྒྱའི་ལམ་ལུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་ལས་དོན་ཁང་དང་མཛེས་ལྗོངས་ཁུལ་སོགས་མི་སྤྱོད་ཚན་པས་ཁྲིམས་ལྟར་ཡུལ་སྐོར་སྣེ་ཤན་པ་དང་ངལ་རྩོལ་གན་རྒྱ་འཇོག་རྒྱུར་སྐུལ་འདེད་གཏོང་བ། ངལ་རྩོལ་གན་རྒྱ་འཇོག་ཚད་དང་གན་རྒྱ་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད།
            མིག་སྔར་ཡུལ་སྐོར་ལས་རིགས་ཀྱི་ཡུལ་སྐོར་སྣེ་ཤན་པ་དོ་དམ་ཐད་ལྷག་པའི་གནད་དོན་ལ་དམིགས་ནས་ངལ་རྩོལ་གན་རྒྱ་དེ་ཡུལ་སྐོར་སྣེ་ཤན་པའི་ལས་དུས་ལམ་ལུགས་དང་། ངལ་རྩོལ་ཐོབ་ཆ། གསོ་སྦྱོང་དང་ངལ་རྩོལ་གན་རྒྱ་མེད་པ་བཟོ་བ་སོགས་ཀྱི་ནང་དོན་སྔར་བས་གསལ་སྟོན་བྱས་པའི་ནང་མི་སྤྱི་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་ཐོབ་རྗེས་ཡུལ་སྐོར་སྣེ་ཤན་པས་དུས་ངེས་མེད་དམ་ཡང་ན་ཕྱོགས་བསྡུས་ལས་ཡུན་ལམ་ལུགས་ལག་བསྟར་བྱེད་ཆོག དུས་ངེས་མེད་ཀྱི་ལས་ཡུན་ལམ་ལུགས་ལག་བསྟར་བྱེད་པར་ཡུལ་སྐོར་སྣེ་ཤན་པའི་ལས་འགན་ལེགས་གྲུབ་ཐུབ་རྒྱུ་འགན་ལེན་བྱེད་པའི་གནས་ཚུལ་འོག་ལས་ཀ་དང་། ངལ་གསོ། འཁོར་ཞག་བཅས་ཚང་མ་ཁ་པ་ཕྱོགས་ཀྱིས་རང་དགར་བཀོད་སྒྲིག་བྱེད་ཆོག་པ་དང་། ཕྱོགས་བསྡུས་ལས་ཡུན་ལམ་ལུགས་ལག་བསྟར་བྱེད་པར་ཆ་སྙོམས་ཉིན་རེ་དང་ཆ་སྙོམས་གཟའ་འཁོར་རེའི་ལས་ཀའི་དུས་ཚོད་དེ་ཁྲིམས་གཏན་འཁེལ་བའི་ལས་ཀའི་ཚད་ལྡན་དུས་ཚོད་ལས་འགལ་མི་ཆོག་པ། ཡུལ་སྐོར་ལས་དོན་ཁང་སོགས་མི་སྤྱོད་ཚན་པས་ཡུལ་སྐོར་ལས་རིགས་ཀྱི་གླ་ཆའི་མཉམ་སྡེབ་གྲོས་མོལ་ནང་ཞུགས་པ་བརྒྱུད་ཡུལ་སྐོར་སྣེ་ཤན་པའི་གླ་ཆའི་ལམ་སྲོལ་འཐུས་ཚང་ཞིག་འཛུགས་པ་དང་ཡུལ་སྐོར་སྣེ་ཤན་པའི་གཞི་རྩའི་གླ་ཆ་དང་། ཚོགས་པ་སྣེ་ཁྲིད་ཀྱི་ཁ་གསབ་རོགས་དངུལ། ལས་རྗེས་བྱ་དགའ་སོགས་ནང་དོན་ཁ་གསལ་བཟོ་བ་དང་ཚན་པས་ཁེ་ལས་ཀྱི་གཉེར་སྐྱོང་ཕན་འབྲས་དང་། ས་གནས་དེ་གའི་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་གླ་ཆའི་མཛུབ་ཁྲིད་ཚད་གཞི། གླ་ཆའི་མཛུབ་ཁྲིད་རིན་གོང་། གླ་ཆའི་མཉམ་སྡེབ་གན་རྒྱ། ཡུལ་སྐོར་སྣེ་ཤན་པའི་ལས་རྗེས་དངོས་བཅས་ལ་གཞིགས་ནས་ཡུལ་སྐོར་སྣེ་ཤན་པའི་གླ་ཆ་ལུགས་མཐུན་ངང་གཏན་འཁེལ་དང་ལེགས་སྒྲིག་བྱེད་དགོས་པ་ཚུད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།