འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཚེས་1ཉིན་
    ནས་བཟུང་ལག་བསྟར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་03ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། གསར་འགོད་པས་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། 《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག་(ཚོད་ལྟའི་ལག་བསྟར)》ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བ་རེད།
             མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པའི་གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན། ན་ནིང་ཟླ་6པར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟ་ཐོག་མ་དེ་ས་ཁོངས་འདིར་བྱས་པ་དང་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་12.31ཡོད་པ་རེད།
           སྲོལ་ཡིག་ནང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་གཏེར་ཁ་སྔོག་འདོན་དང་། ཤིང་གཅོད་པ། རྔོན་རྒྱག་པ། ཉ་འཛིན་པ། གསར་སྦོལ། འདམ་སོལ་འཚོལ་བསྡུ་བཅས་བྱེད་མི་ཆོག་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་རྩི་ཤིང་རང་དགར་འཚོལ་བསྡུ་དང་། ཡུལ་གཞན་གྱི་སྲོག་ཆགས་རིགས་དེར་གློད་པ། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཀེང་རུས་དང་བྱིའུ་ཡི་སྒོ་ང་སྒྲུག་པ་བཅས་བྱེད་མི་ཆོག་པའི་གཏན་འབེབས་བྱས་པ་རེད། སྲོལ་ཡིག་དེའི་ནང་ད་དུང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་སྒྲིག་གཞིའི་ཆོག་མཆན་མ་ཐོབ་པར་རང་དགར་སྤྱི་གླིང་ནང་འཛུལ་ནས་ཚན་ཞིབ་དང་། བརྡ་ཆ་སྦྱར་བ། མི་མེད་གནམ་གྲུ་སྤྱོད་པ་སོགས་ཀྱི་བྱེད་སྤྱོད་ལ་འབྲེལ་ཡོད་ཀྱི་ཆད་གཅོད་བྱེད་ཐབས་བཟོས་ཡོད་པ་རེད།
          གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་ལ་གཏོར་སྐྱོན་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་ཁག་ལ་དམིགས་ཏེ་སྤྱི་གླིང་གི་ཐོན་ཁུངས་ཁོར་ཡུག་ཕྱོགས་བསྡུས་ཁྲིམས་འཛིན་སྒྲིག་གཞིས་བྱེད་སྤྱོད་མཚམས་འཇོག་རྒྱུའི་བཀའ་གཏོང་བ་དང་། དུས་བཀག་ནང་བཅོས་སྒྲིག་བྱེད་པ། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་བ་སོགས་ཀྱི་ཆད་པ་གཅོད་རྒྱུ་དང་འབྲེལ། ཉེས་ཚབས་ཆེ་ཆུང་ལ་གཞིགས་ནས་སྒོར་1000ཡན་ནས་སྒོར་ཁྲི་20མན་གྱི་ཆད་པ་གཅོད་རྒྱུ་རེད་ཅེས་བཤད།
           རྒྱལ་ཁབ་སྤྱི་གླིང་ནང་གི་སྤྱི་ཚོགས་ལས་རིགས་ཁག་གི་དབང་ཆ་དང་འོས་འགན་གཏན་འཁེལ་བྱས་པ་ཕུད་། སྲོལ་ཡིག་ནང་ད་དུང་སྤྱི་གླིང་ཁུལ་གྱི་དམངས་འཚོ་ལེགས་གཏོང་དང་སྤྱི་ཚོགས་གོ་རིམ་ལྡན་པའི་ངང་ཞུགས་པ་སོགས་ཐད་གཏན་འཁེལ་ཁ་གསལ་བྱས་ཤིང་། དམངས་འཚོ་ལེགས་གཏོང་ཐད་སྲོལ་ཡིག་ནང་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་སྒོ་ནས་སྣོད་བཅུད་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་བཀོད་སྒྲིག་བྱས་ཏེ་འབྲོག་པ་རྩྭ་ཐང་སྤྱོད་མཁན་ནས་རིམ་བཞིན་སྣོད་བཅུད་སྲུང་སྐྱོང་མཁན་ལ་རིམ་བཞིན་འགྱུར་བ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། དེ་དང་ཆབས་ཅིག་རྩྭ་ཐང་འགན་གཙང་གཉེར་སྐྱོང་དབང་ཆར་འགྱུར་བ་མི་གཏོང་བའི་རྨང་གཞིའི་ཐོག་འབྲོག་པས་ས་ཆ་བརྒྱུད་བཤུག་དང་གཅིག་སྡུད་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་སོགས་ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་ཆོག་གི་ཡོད་པ་རེད།
          སྤྱི་ཚོགས་གོ་རིམ་ལྡན་པའི་ངང་ཞུགས་པའི་ཐད་སྲོལ་ཡིག་ནང་སྤྱི་ཚོགས་རྩ་འཛུགས་དང་། ཁེ་ལས་དང་བྱ་གཞག་ཚན་པ། མི་སྒེར་བཅས་ཀྱིས་སྡེ་ཁུལ་མཉམ་སྐྲུན་དང་གྲོས་མཐུན་སྲུང་སྐྱོང་སོགས་ཀྱི་བྱེད་ཐབས་ཐོག་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་དང་། འཛུགས་སྐྲུན། དོ་དམ་བཅས་ནང་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ་སྤྱི་ཚོགས་ལས་རིགས་ཁག་གི་དང་བླངས་པ་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་དང་བླངས་པ་རྒྱལ་ཁབ་སྤྱི་གླིང་གི་དང་བླངས་ཞབས་ཞུའི་ལས་དོན་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པ་རེད། གཞན་ཡང་སྲོལ་ཡིག་ནང་ད་དུང་མཐོ་རིམ་སློབ་གྲྭ་དང་། ཚན་ཞིབ་སྒྲིག་གཞི། སྤྱི་ཚོགས་ཚོགས་པ་བཅས་ཀྱིས་སྤྱི་གླིང་ནང་ཚན་རིག་ཞིབ་འཇུག་དང་རིགས་གཅིག་མཁས་ཅན་གྱི་མཛོད་མཉམ་སྐྲུན་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་ལ་ཚན་རྩལ་གྱི་འདེགས་སྐྱོར་དང་ལག་རྩལ་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་སྐུལ་ལྕག་ཀྱང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།