འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90
    འཁོར་བར་རྟེན་འབྲེལ་ཞུ་བའི་པར་རིས་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་03ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་31ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པའི་ཅུན་ཚན་ཐོན་གྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་པར་རིས་འགྲེམས་སྟོན་བྱས་པ་རེད།
          ཅུན་ཚན་ཐོན་གྱི་ཐོན་ཀྲང་ཧོང་ཞུའེ་ཕིང་གིས་ཤིས་ཚིག་གསུང་སྐབས་པར་རིས་འགྲེམས་སྟོན་ནང་ལོ་90ཡི་རིང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཁྲག་བཏོན་དམར་འཛིང་དང་འབད་འབུངས་ཁྲོད་མདུན་སྐྱོད་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རང་བཙན་དང་བཅིངས་འགྲོལ་བརྩོན་ལེན་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོབ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན། འཛམ་གླིང་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བཅས་ཀྱི་ཆེད་བཞག་པའི་བྱས་རྗེས་བཀོད་ཡོད་ཅེས་བརྗོད་པ་རེད།
          ཧོང་ཞུའེ་ཕིང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་མི་དམངས་ཁྲོད་རྩ་བ་བརྟན་པོ་བཙུགས་པ་དང་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་དམིགས་ཡུལ་ཉག་ཅིག་ཏུ་བརྩིས་ཡོད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་ཀྲུང་གོ་གསར་པ་དར་རྒྱས་གོང་འཕེལ་འགྲོ་བ་དང་གོམ་སྟབས་གཅིག་མཚུངས་ངང་མདུན་སྐྱོད་བྱས་པ་དང་རྒྱལ་ཁབ་འབྱོར་ཕྱུག་ལྡན་ཚེ་གཞི་ནས་དམག་དཔུང་སྟོབས་ཆེར་འགྲོ་བ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་དེ་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཕུགས་འདུན་དང་ཁ་འབྲལ་ཐབས་མེད་ཅེས་བརྗོད་པ་རེད།
         ཁོང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཏེ་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱ་རྒྱུའི་འགན་ལེན་བྱས་པ་དང་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་གི་ལས་ལ་ཧུར་ཐག་གཞོལ་ཞིང་། ཀྲུང་གོའི་དམག་དཔུང་གི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དེ་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་གི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཞིག་རེད་ཅེས་བརྗོད་པ་རེད།
          མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལས་རོགས་ཙུའུ་ཡེ་ཕུའུ་ཡིས་ཤིས་ཚིག་བརྗོད་སྐབས་ཀྲུང་གོ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་གྱི་ལས་འཛིན་རྒྱལ་ཁབ་ཅིག་ཡིན་ལ་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་དམག་མི་དང་ཉེན་རྟོག་པ་མངགས་གཏོང་བྱེད་མཁན་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་དང་བདེ་འཇགས་ཀྱི་སྒྲོམ་གཞིའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུང་གོས་མངགས་གཏོང་བྱས་པའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་དང་ཞི་བདེ་སྲུང་སྐྱོང་ཉེན་རྟོག་པས་ཆུ་ཚད་མཐོ་བའི་ཆེད་ལས་ཀྱི་བྱང་ཚད་དང་སྒྲིག་ཁྲིམས་དང་སྤྱོད་ཚུལ་བཟང་པོ་གང་ལེགས་མངོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དེ་བས་གཏིང་ཟབ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།