འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་གནས་ཀྱི་སྦྲེལ་ཟམ་འཚོལ་ཞིབ་བྱས་པ། 

    ཀུའུ་མུའུ་ཡིས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་23ཉིན། 15:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་3ཚེས་23ཉིན་སུའེ་ཙེར་གྱི་རྒྱ་རིག་པ་མཁས་ཅན་ལིན་ཞའོ་ཧྥ་ཡིས་བགྲང་བྱ་བཅུ་ལྷག་ཙམ་སྤྱད་ནས་འཇར་མན་གྱི་སྐད་དུ་བསྒྱུར་བའི་《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་》གྱི་སྒྱུར་རྩོམ་ལ“ལའེ་པེ་ཤེ་དཔེ་དེབ་འགྲེམས་སྟོན་བྱ་དགའ·ཡིག་སྒྱུར་བྱ་དགའ”ཐོབ། དེ་ནི་འཇར་མན་ཡིག་སྒྱུར་གྱི་ཚད་གཞི་མཐོ་ཤོས་ཀྱི་བྱ་དགའ་ཡིན་ལ། བྱ་དགའ་དེ་2005ལོར་བཙུགས་ཚུན་རྒྱའི་སྐད་ཡིག་གི་སྒྱུར་རྩོམ་ལ་སྤྲད་པའི་བྱ་དགའ་ཐོག་མ་དེའང་རེད། དེ་དང་ཆབས་ཅིག ཨེ་ཤེ་ཡའི་སྒྱུར་རྩོམ་ལ་གཟི་བརྗིད་ཀྱི་མཚན་སྙན་དེ་ཐོབ་ཐེངས་དང་པོ་ཡིན་པས་དོན་སྙིང་ཧ་ཅང་གལ་ཆེན་པོ་ལྡན་ཡོད།
             ད་ཐེངས་བྱ་དགའ་ཐོབ་པའི་《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་》གྱི་འཇར་མན་གྱི་སྐད་ཀྱི་སྒྱུར་རྩོམ་དེ་འཇར་མན་ལའེ་ཁེ་ལཱ་མུའུ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་འབྲེལ། 2016ལོའི་ཟླ་བཅུ་པར་སྐབས་རེ་བརྒྱད་པའི་ཧྥ་རན་ཁེ་ཧྥུའི་དཔེ་དེབ་འགྲེམས་ཚོགས་སུ་དངོས་སུ་བསྟན་ཡོད། སྒྱུར་རྩོམ་དེ་པར་སྐྲུན་བྱས་མ་ཐག་འཇར་མན་གྱི་ཀློག་པ་པོས་ཧ་ཅང་དགའ་པོ་བྱེད་པ་དང་ལོ་ཕྱེད་ནང་པར་སློག་ཐེངས་4བྱས་པ་དེ་འཇར་མན་སྐད་ཡིག་སྤྱོད་མཁན་ཚོར་རྩོམ་སྒྱུར་ངོ་སྤྲོད་བྱས་པའི་ཀྲུང་གོའི་གནའ་རྩོམ་གྲགས་ཅན་ཁྲོད་མཐོང་དཀོན་པ་ཞིག་ཏུ་གྱུར་ཡོད། བྱ་དགའ་དཔྱད་བསྡུར་ཨུ་ལྷན་གྱིས“སྒྱུར་རྩོམ་དེ་ནི་རྩོམ་པ་པོ་རང་ཉིད་ཀྱིས་སེམས་ཤུགས་ཡོད་རྒུ་བཏོན་ནས་བསྒྱུར་པ་ཞིག་ཡིན”པས“སྐད་ཡིག་ཅིག་སྐད་ཡིག་གཞན་ཞིག་ཏུ་བསྒྱུར་བ་མ་ཟད། དུས་རབས་མི་འདྲ་བ་དང་བསམ་བློ་གཏོང་སྟངས་མི་འདྲ་བའི་སྐྱེ་བོའི་དབར་སྦྲེལ་ཟམ་བཙུགས་པ་ཞིག་ཀྱང་རེད། དེ་ནི‘འཛམ་གླིང་གི་རྩོམ་རིག’ཅིག་ཡིན་ལ། འཛམ་གླིང་ནས་ཡོང་བ་དང་འཛམ་གླིང་ལ་ཕྱོགས་པའི་རྩོམ་རིག་ཤིག་དེ་བས་ཀྱང་ཡིན་པའི”ངོས་འཛིན་གནང་གི་ཡོད།
          《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་》དེ་འཇར་མན་སྐད་སྤྱོད་མཁན་ཚོའི་འདྲེན་བྱེད་ལམ་དུ་ཐོན་ཐེངས་དང་པོ་མིན། 1914ལོར་འཇར་མན་གྱི་ཡིག་སྒྱུར་མཁས་ཅན་ཝུའེ་ལི་ཞན་གྱིས་རང་ཉིད་ཀྱིས་བསྒྱུར་བའི་《ཀྲུང་གོའི་དམངས་ཁྲོད་ཀྱི་བྱིས་སྒྲུང་》ཞེས་པའི་ནང་མིང་ལ་《སྤྲེལ་རྒྱལ་སུན་ཝུའུ་ཁུང་》ཞེས་པའི“བྱིས་སྒྲུང”ནང་བསྡུས་པ་དང་དུས་མཚུངས་《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་》གྱི་ལེའུ་དང་པོ་ནས་བདུན་པའི་ནང་དོན་མདོར་བསྡུས་ཤིག་བཀོད་ཡོད། ནང་དོན་ཅུང་ཆ་ཚང་བའི་《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་》གྱི་འཇར་མན་གྱི་སྒྱུར་རྩོམ་དེ་ནི་དབྱིན་ཇིའི་རྒྱའི་སྐད་ཡིག་མཁས་ཅན་ཡཱ་སེ·ཝེ་ལི་ཡིའི་དབྱིན་ཡིག་གི་སྒྱུར་རྩོམ་ནས་བསྒྱུར་བ་དང་དེའི་ནང་《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་》གྱི་ངོ་མཚར་ཆེ་བའི་སྒྲུང་གཏམ་གྱི་བརྒྱུད་རིམ་བཀོད་པ་དང་སྒྱུར་རྩོམ་དེ་མ་རྩོམ་གྱི་1/4ཟིན་གྱི་ཡོད། གཞན་ཡང་འཇར་མན་སྐད་གྱི་སྒྱུར་རྩོམ་འཇར་མན་ཤར་མའི་ཡིག་སྒྱུར་བ་གཡོད་ཧན་ནཱ·ཧེ་ཚེ་ཧྥེའར་ཏེ་ཡིན་པ་དང་སྒྱུར་རྩོམ་དེ་1962ལོར་པར་སྐྲུན་བྱས། སྒྱུར་རྩོམ་དེ་རྒྱ་ཡིག་གི་མ་རྩོམ་དང་ཨུ་རུ་སུའི་སྒྱུར་རྩོམ་གཉིས་ཟུང་འབྲེལ་གྱིས་ཕྱོགས་སྡོམ་རྣམ་པའི་སྒྱུར་སྟངས་སྤྱད་པས་མ་རྩོམ་དང་ཁྱད་པར་ཆེན་པོ་ཡོད།
          དུམ་སྒྱུར་དང་བསྡུས་སྒྱུར་ནི་ཀྲུང་གོའི་གནའ་རྩོམ་གྲགས་ཅན་འཛམ་གླིང་ནུབ་ཕྱོགས་ལ་རྩོམ་སྒྱུར་ངོ་སྤྲོད་བྱེད་པའི་ཐོག་མའི་དུས་སྐབས་ཀྱི་རྒྱུན་སྤྱོད་ཀྱི་བྱེད་ཐབས་ཤིག་ཡིན་ལ། བྱེད་ཐབས་འདིའི་རིགས་ཀྱིས་ས་གནས་དེ་གའི་ཀློག་པ་པོའི་དང་ལེན་ནུས་པར་བསྟུན་གང་ཐུབ་བྱས་ཡོད་ན་ཡང་ཞན་ཆ་ཡང་མངོན་གསལ་དོད་པོ་ཡོད། ལིན་ཞའོ་ཧྥས་《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་》གྱི་འགྱུར་སྔ་མ་གཉིས་གླེང་སྐབས“དེ་གཉིས་ནི་དུས་རབས་ཉི་ཤུའི་ལོ་རབས་བཞི་བཅུ་དང་དྲུག་ཅུའི་ནང་སོ་སོར་བསྒྱུར་བ་ཞིག་ཡིན་ལ། གཏམ་རྒྱུད་ཀྱི་ནང་དོན་གཙོ་བོར་བཟུང་ནས་བལྟོས་བཅས་ཀྱིས་དེ་ལས་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་སྣང་མེད་དུ་བསྐྱུར་འདུག”ཅེས་བརྗོད་ཅིང་། 《ཧྥ་རན་ཁེ་ཧྥུའི་སྙན་སེང་》ནང་དུ་ཡང་དུས་རབས་གོང་མའི་ལོ་རབས་བཞི་བཅུའི་ནང་དཔེ་སྐྲུན་བྱས་པའི་བསྡུས་སྒྱུར་དེབ་དེས“བརྩམས་སྒྲུང་ཁྲོད་ཀྱི་གཏམ་རྒྱུད་ངོ་མཚར་ཅན་དག་བསྒྱུར་རྒྱུ་གཙོ་བོར་བཟུང་ཡོད་པས་བསྡུས་སྒྱུར་དེབ་དེ་ཉིད་གཏམ་རྒྱུད་ངོ་མཚར་ཅན་ཞིག་ཏུ་བརྩིས་ནས་ངོ་སྤྲོད་བྱས་ཡོད་པའི”ངོས་འཛིན་བྱེད་ཀྱི་ཡོད།
          ནང་དོན་གྱི་ཆ་ཚང་རང་བཞིན་ལ་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགྲོའི་འོག་འཇར་མན་སྐད་ཀྱི་ཀློག་པ་པོའི་དཔེ་ཀློག་གོམས་གཤིས་དང་དང་ལེན་ནུས་པར་ཇི་ལྟར་བསྟུན་དགོས་ཞེ་ན། ལིན་ཞའོ་ཧྥས་དང་ཐོག་བསྒྱུར་བྱའི་མ་དཔེ་གདམ་གསེས་བྱེད་པའི་ཐད་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་བཏོན་པ་རེད།
          “བལྟས་ན་ལས་སླ་མདོག་ཁ་བའི”སྒྱུར་ཡིག་ཁྲོད་ནས་ང་ཚོས་བརྩོན་འགྲུས་དང་གཟབ་ནན་ཆེ་བའི་ཡིག་སྒྱུར་བ་ཞིག་གིས་དཀའ་བ་ཇི་ཙམ་སྤྱད་ཡོད་མེད་ཤེས་ཐུབ། 1999ལོར་སྒྱུར་འགོ་ཚུགས་པ་ནས2016ལོར་དངོས་སུ་པར་སྐྲུན་བྱས་པའི་བར་ལིན་ཞའོ་ཧྥ་ཡི་ལོ་ངོ་17གྱི་ཡིག་སྒྱུར་ལམ་བུ་དེ་ནི“ནུབ་ཕྱོགས་སུ་ཆོས་ཞུ་བར་བསྐྱོད་པའི་ལམ་བུ”ཞིག་དང་མཚུངས། མ་ཡིག་ལ་གོ་བ་མཐིལ་ཕྱིན་པ་ལེན་ཐུབ་པ་བྱ་ཆེད། ཁོང་གིས་ཀྲེ་ཅང་སློབ་ཆེན་དུ་གནའ་བོའི་རྒྱ་ཡིག་ལ་སྦྱངས་པ་གནང་། ཡིག་སྒྱུར་གནང་རིང་ཁོང་གིས་གྲགས་ཅན་དགེ་རྒན་མང་པོར་བཀའ་འདྲི་ཞུས་པ་དང་ཡིག་འབྲུ་དང་བརྗོད་པ་རེ་རེ་བྱས་ནས་ཞིབ་བརྟག་ཡང་ཡང་བྱས། ལིན་ཞའོ་ཧྥ་ཡི་ཡིག་སྒྱུར་ལག་ལེན་ཁྲོད་ནས་དེང་རབས་ཡིག་སྒྱུར་རིག་པའི་ལྟ་སྟངས་གཙོ་བོ་གང་ལེགས་མངོན་པ་སྟེ། ཡིག་སྒྱུར་ནི་སྐད་རིགས་གཉིས་ཕན་ཚུན་བརྗེ་སྒྱུར་བྱས་པ་ཙམ་གཏན་ནས་མིན་པར་དོན་ངོ་མར་རིག་གནས་མི་འདྲ་བ་གཉིས་ཀྱི་སྤེལ་རེས་གཏིང་ཟབ་ཅིག་ཡིན་དགོས་པ་དེའོ།
           《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་》གྱི་སྒྱུར་དེབ་ལ་བྱ་དགའ་ཐོབ་པ་ལས་ང་ཚོས་འཇར་མན་སྐད་ཀྱི་རྒྱལ་ཁབ་དཔེ་དེབ་ཁྲོམ་རའི་ཀློག་པ་པོས་ཀྲུང་གོའི་རྩོམ་རིག་ལ་མོས་པ་བྱེད་པ་མཐོང་ཐུབ། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་གནའ་བོའི་གསུང་རྩོམ་གྲགས་ཅན་གྱི་འཇར་མན་སྐད་ཀྱི་སྒྱུར་དེབ་སྔ་རྗེས་སུ་བཏོན་ཡོད། དེའི་ཁྲོད་ནས་《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་》དཔེ་སྐྲུན་བྱེད་མཁན་ལའེ་ཁེ་ལཱ་མུའུ་དཔེ་སྐྲུན་ཁང་དང་《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་》དཔེ་སྐྲུན་བྱེད་མཁན་ཧྥེ་ཧྲེའར་དཔེ་སྐྲུན་ཁང་གཉིས་འཇར་མན་དུ་སྐད་གྲགས་ཧ་ཅང་ཆེ། དེ་དང་ཆབས་ཅིག་ཀྲུང་གོའི་དེང་རབས་དང་དེང་སྐབས་ཀྱི་རྩོམ་རིག་ཐད་ལིའུ་ཚེ་ཤིང་གིས་གསར་རྩོམ་བྱས་པའི་ཚན་རིག་རྟོག་བཟོའི་བརྩམས་སྒྲུང་《གཟུགས་གསུམ་》འཇར་མན་ཡི་གེའི་སྒྱུར་དེབ་འདི་ལོའི་ཟླ་2པར་འཇར་མན་གྱི་《དྭངས་གསལ་མེ་ལོང་གཟའ་འཁོར་དུས་དེབ་》ཀྱི་བྲིན་ཁ་རྒྱུག་པའི་དཔེ་དེབ་ཀྱི་བང་རིམ་གྲལ་ལ་ཚུད་ཡོད་པ་མ་ཟད། ཟླ་6པར་འཇར་མན་གྱི་ཚན་རིག་རྟོག་བཟོའི་བྱ་དགའ་ཆེན་པོ་ཁུའར་ཐེ·ལཱ་ཞི་ཚེ་བྱ་དགའི་ཁྲོད་ཀྱི་ཕྱི་རྒྱལ་གྱི་བརྩམས་སྒྲུང་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་དང་ཡིག་སྒྱུར་བ་ཧོ་མུའུ་ཐེན་གྱིས་སྒྱུར་དེབ་དེར་བརྟེན་ནས་བྱ་དགའ་དེའི་ཡིག་སྒྱུར་བྱ་དགའ་ཡག་ཤོས་བླངས་ཡོད།
           《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་》སྒྱུར་དེབ་ཧྲིལ་པོར་འཇར་མན་སྐད་ཀྱི་ཀློག་པ་པོའི་ཁས་ལེན་ཆེན་པོ་ཐོབ་པའི་རྒྱུ་མཚན་ནི་ཕྱི་ཚུལ་གྱི་འགྱུར་ལྡོག་ལ་བརྟེན་ནས་སྒྱུར་དེབ་ཀློག་པ་པོའི་ལྟ་ཀློག་གོམས་གཤིས་དང་ལྟ་ཀློག་དགའ་མོས་ཁོ་ནར་མ་དམིགས་པས་རེད། སྒྱུར་པ་པོས་ཐོག་མཐའ་བར་གསུམ་དུ་རིག་གནས་དང་བསམ་བློ་བརྒྱུད་སྤེལ་བྱེད་བསམ་པའི་ཡིག་སྒྱུར་དམིགས་ཡུལ་བཅངས་པའི་ཁར་ཁྱད་དུ་འཕགས་པའི“སྒྱུར་རྩལ”ལ་བརྟེན་པས་ད་གཟོད་གཞི་ནས་ཀྲུང་གོའི་གནའ་བོའི་རྩོམ་རིག་གྲགས་ཅན་དེ་ཉིད“འཛམ་གླིང་ནས་བྱུང་བ་དང་འཛམ་གླིང་ལ་ཕྱོགས་པའི་རྩོམ་རིག”ཅིག་ཏུ་གྱུར་ཡོད། དེ་ལྟ་བུའི་སྒྱུར་དེབ་དེ་རིགས་ནི་ང་ཚོས་རེ་སྙེག་བྱེད་བཞིན་པའི་རིག་གནས་ཀྱི་རྒྱ་མཚོའི་ཕ་མཐར་བསྐྱོད་པའི་ཟམ་ཆེན་དེ་ཡིན་ཡང་སྲིད།
      

    ཕྱོགས་བསྡུས་གསར་འགྱུར།