འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ལེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གིས་ཞི་བའི་གྲོས་མོལ་བྱེད་རྒྱུ་ནི་ཕ་དབྱི་ཕྱོགས་
    གཉིས་ཀྱི་ཞི་བདེའི་ཐབས་ལམ་ཉག་ཅིག་ཡིན་ལུགས་བསྐྱར་དུ་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་17ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན། ཕ་ལེ་སི་ཐན་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་མ་ལེ་ཅི་ཡིས་ཡུའེ་ཏཱན་ཆུ་བོའི་ནུབ་རྒྱུད་གྲོང་ཁྱེར་ལཱ་མོ་ཨན་ལཱ་རུ་གསར་འགོད་པའི་ཆེད་དོན་བཅའ་འདྲི་དང་ལེན་བྱེད་སྐབས། “རྒྱལ་ཁབ་གཉིས་ཀྱི་འཆར་གཞི་”ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་ཞི་བའི་གྲོས་མོལ་གྱི་རྨང་གཞི་སླར་གསོ་བྱེད་པ་ཡིན་པ་དང་། ཞི་བའི་གྲོས་མོལ་ནི་ཕྱོགས་གཉིས་ཀས་ཞི་བདེའི་ཆིངས་ཡིག་འཇོག་ཐུབ་པའི་ལམ་ཁ་ཉག་ཅིག་དེ་ཡིན་པ་བསྐྱར་དུ་བཤད་པ་རེད།
         མ་ལེ་ཅི་ཡིས་བཤད་དོན། ཕ་ལེ་སི་ཐན་ཕྱོགས་ཀྱིས་ཞི་བའི་གྲོས་མོལ་སླར་གསོའི་ཐོག་མཐའ་བར་གསུམ་གྱི་ལངས་ཕྱོགས་ནི། དབྱི་སི་རལ་གྱིས་ཡིའུ་ཐའེ་བའི་སྡོད་གནས་འཛུགས་སྐྲུན་བྱེད་དགོས་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་འཆར་གཞི་དམ་སྲུང་བྱེད་དགོས་ཤིང་། ཆབས་གཅིག་ཏུ་ཨ་རི་ཡིས་ཕ་ལེ་སི་ཐན་དང་དབྱི་ས་རལ་བར་ཡང་བསྐྱར་ཞི་བའི་གྲོས་མོལ་བྱེད་པར་འདོད་ཚུལ་ཁ་གསལ་བསྟན་པའི་རེ་བ་ཡོད་ཅེས་བརྗོད་པ་རེད། 
         མ་ལེ་ཅི་ཡིས། ཕ་ལེ་སི་ཐན་དང་དབྱི་སི་རལ་གཉིས་ཉེ་ཆར་གློག་ཤུགས་དང་ཆུ་མཁོ་འདོན་གྱི་ཞི་བའི་གྲོས་མོལ་བྱེད་པའི་ཆིངས་ཡིག་ལ་མིང་རྟགས་བཀོད་པ་འདི་ནི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པ་དང་འབྲེལ་བ་མེད་པ་རེད། ཕ་ལེ་སི་ཐན་ཕྱོགས་ཀྱིས་དཔལ་འབྱོར་ལས་དོན་དང་ཞི་བདེའི་འཕེལ་རིམ་འབྲེལ་མཐུད་བྱེད་པར་ངོ་རྒོལ་བྱེད་པ་ཡིན་ཞེས་བརྗོད་པ་རེད། 
         ཟླ་འདིའི་ཚེས་10ཉིན། ཡུའེ་ཏཱན་ཆུ་བོའི་ནུབ་རྒྱུད་ཀྱི་གློག་སྒྱུར་ས་ཚིགས་ཅེ་ནིང་དུ་བེད་སྤྱོད་བྱེད་འགོ་ཚུགས་པ་རེད། ཕ་དབྱི་ཕྱོགས་གཉིས་ཀྱིས་ཆིངས་ཡིག་ཐོག་མིང་རྟགས་བཀོད་པར་གཞིགས་ན། ཕ་ལེ་སི་ཐན་གྱིས་ལོ་རེར་དབྱི་སི་རལ་གློག་ཤུགས་ཀུང་སིར་ཡོ་རོབ་ཀྱི་སྒོར་མོ་ཁྲི་4200བཏང་ནས་གློག་ནུས་ཉོ་དགོས་པ་དང་། ཚེས་13ཉིན་གནས་འཕྲིན་དུ་བཤད་དོན། ཕ་དབྱི་ཕྱོགས་གཉིས་ཀྱིས་ཆུ་འདོན་སྤྲོད་ཀྱི་ཆིངས་ཡིག་བཞག་པ་སྟེ། དབྱི་སི་རལ་གྱིས་སྨི་གྲུ་བཞི་མ་རེ་ལ་སྒོར་ཁྲི་3200སྤྲོད་དེ་ཕ་ལེ་སི་ཐན་གྱི་ཆུའི་ཐོན་ཁུངས་ཀྱི་དཀའ་ངལ་སེལ་རྒྱུ་ཡིན་པ་རེད། 
        ཕ་དབྱི་ཕྱོགས་གཉིས་ཀྱིས་2013ལོའི་ཟླ་7པར་ལོ་3རིང་འབྲེལ་བ་བཅད་པའི་ཞི་བའི་གྲོས་མོལ་དེ་ཡང་བསྐྱར་སླར་གསོ་བྱས་མོད། འོན་ཀྱང་ཕྱོགས་གཉིས་ནས་ཡིའུ་ཐའེ་བ་བཅའ་སྡོད་བྱེད་ས་འཛུགས་སྐྲུན་སོགས་ཀྱི་གནད་དོན་ལ་སྔར་བཞིན་རྩོད་པ་ཡོད་པ་དང་། དེ་ནི་2014ལོའི་ཟླ་4པར་འབྲེལ་ཆད་པ་དང་། ད་ལྟའི་བར་དུ་སླར་གསོ་བྱས་མེད་པ་རེད། དབྱི་སི་རལ་གྱིས་ཁྱོན་ཡོངས་ནས་ཡིའུ་ཐའེ་བའི་སྡོད་ས་འཛུགས་སྐྲུན་མཚམས་མ་བཞག་ན། ཕ་ལེ་སི་ཐན་ཕྱོགས་ནས་ཞི་བའི་གྲོས་མོལ་སླར་གསོ་བྱེད་རྒྱུ་མིན་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།