འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་གྱི་ཕྱི་སྦྱོང་སློབ་མ་ཞིག་གི་ཀྲུང་གོར་འབྲས་འཚོང་བའི་ཕུགས་བསམ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་17ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་ཤས་སོང་རྗེས་ཐེ་ལན་ནས་ཡིན་པའི་གཡོད་ཅིན་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་ཞིང་ལས་དཔལ་འབྱོར་དོ་དམ་གྱི་རབ་འབྱམས་པའི་འཛིན་གྲྭ་ནས་ཐོན་རྒྱུ་རེད། ཁོང་གིས་སློབ་ཐོན་དཔྱད་རྩོམ་འབྲི་བའི་ཞོར་ལ་ཕུགས་བསམ་འཆར་འགོད་བྱེད་བཞིན་ཡོད། ཕུགས་བསམ་དེ་ནི་ཀྲུང་གོའི་འཛད་སྤྱོད་པས་རིན་གོང་ཁེ་ལ་སྤུས་ཀ་ལེགས་པའི་ཐེ་ལན་གྱི་འབྲས་བཟའ་ཐུབ་པ་བྱ་རྒྱུ་དེ་ཡིན།
         གཡོད་ཅིན་ཐེ་ལན་གྱི་མཛེས་ལྗོངས་ལྟ་ན་སྡུག་པའི་ཡུལ་སྐོར་བྱ་ཡུལ་ཕུའུ་ཅི་གླིང་ཕྲན་དུ་སྐྱེས་པ་དང་ཁོང་གིས་པང་ཁོག་ཏུ་སློབ་འབྲིང་དུ་སྐྱོད་པའི་སྐབས་ནས་རྒྱ་ཡིག་སྦྱོང་འགོ་ཚུགས། 2014ལོར་སློབ་ཆེན་ཐོན་རྗེས་ཁོང་ཀྲུང་གོར་མུ་མཐུད་སློབ་སྦྱོང་བྱེད་པར་ཡོང་།
         “ཀྲུང་གོ་ནི‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་བཏོན་མཁན་རྒྱལ་ཁབ་ཡིན་པས་ངས་ཀྲུང་གོ་ནི་གོ་སྐབས་མང་པོ་ཡོད་པའི་ས་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད”ཅེས་ཁོང་གིས་བཤད།
         ལོ་གསུམ་སློབ་སྦྱོང་བྱས་པ་བརྒྱུད་ཁོང་གི་རྒྱ་ཡིག་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། ད་དུང་ཀྲུང་གོའི་གནས་ཚུལ་དང་ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་པོའི་ཞིང་ལས་གནས་ཚུལ་ལ་དེ་བས་ངོས་འཛིན་ཟབ་མོ་བྱུང་ཡོད། ཁོང་གི་རབ་འབྱམས་པའི་སློབ་ཐོན་དཔྱད་རྩོམ་ནང་ཀྲུང་གོ་དང་ཐེ་ལན་གྱི་ཚོང་དོན་གྲོས་ཆོད་ནང་ཞིང་ལས་ཐོན་རྫས་ཀྱི་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་དེ་བརྗོད་དོན་གཙོ་བོར་བཞག་ཡོད། དཔྱད་རྩོམ་འབྲི་བའི་བརྒྱུད་རིམ་ནང་ཁོང་གིས་མ་འོངས་འཕེལ་རྒྱས་ཀྱི་ཁ་ཕྱོགས་རིམ་བཞིན་གསལ་པོ་རྟོགས་པ་རེད།
        “ཐེ་ལན་འབྲས་ཀྱི་སྤུས་ཀ་ལེགས་པས་ཀྲུང་གོའི་འཛད་སྤྱོད་པས་སྔར་བཞིན་དགའ་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཀྲུང་གོའི་སྒོ་རྩིས་ཚོང་ཁང་ནང་འཚོང་བའི་ཐེ་ལན་འབྲས་ཀྱི་ཕྱིར་ཚོང་རིན་གོང་ཅུང་མཐོ་པོ་ཡོད་སྟབས་འཛད་སྤྱོད་པ་ཁག་གཅིག་གིས་གདམ་ག་བྱེད་ཀྱི་མེད། གལ་སྲིད་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་ལ་བརྟེན་ཚེ། ཀྲུང་གོར་འཚོང་བའི་ཐེ་ལན་འབྲས་ཀྱི་ཕྱིར་ཚོང་རིན་གོང་20%གཅོག་ཐུབ”ཅེས་གཡོད་ཅིན་གྱིས་བཤད།
         ཟླ་4ཚེས་1ཉིན་ཧྲའན་ཤིས་རང་མོས་ཚོང་དོན་ཁུལ་དངོས་སུ་སྒོ་བྱང་བཀལ་བ་དེས་གཡོད་ཅིན་གྱི་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་ཡོད། ཁོང་གིས་འཕྲལ་མར་རང་མོས་ཚོང་དོན་ཁུལ་གྱི་ཞིང་ལས་ཐོན་རྫས་ནང་འདྲེན་དང་ཁྲལ་ཐེག་སྲིད་ཇུས་ལ་ཞིབ་འཇུག་བྱས་པ་རེད།
         ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་རྒྱལ་སྤྱིའི་སློབ་གླིང་གི་ཡོན་ཀྲང་ཀྲེན་ཧྥེན་ལིས་མཛུབ་ཁྲིད་དགེ་རྒན་གྱིས་ཕྱི་རྒྱལ་སློབ་མའི་སློབ་ཐོན་དཔྱད་རྩོམ་ཇུས་འགོད་བྱེད་སྐབས་ཕྱི་རྒྱལ་སློབ་མ་སློབ་སྦྱོང་བྱེད་སའི་རྒྱལ་ཁབ་ཀྱི་ཞིང་ལས་གནས་ཚུལ་དང་གནད་དོན་ལ་དམིགས་སུ་དོ་སྣང་བྱས་ཏེ་ཁོང་ཚོ་སློབ་ཐོན་བྱུང་ནས་ཕྱིར་ལོག་བྱས་རྗེས་སྦྱངས་པ་གོ་ཆོད་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བཤད་པ་རེད།
         དེ་དང་དུས་མཚུངས་གཡོད་ཅིན་གྱིས་ཕྱི་ཕྱོགས་ཚོང་དོན་གྱི་ལས་སྒོ་གཉེར་བར་རྨང་གཞི་དང་མ་རྩ་ངེས་ཅན་དགོས། དེ་ནི་སློབ་ཆེན་ཐོན་མ་ཐག་པའི་སློབ་མ་ཞིག་གི་ངོས་ནས་བརྗོད་ན་ལས་སླ་པོ་ཞིག་མིན། ཕུགས་བསམ་མངོན་འགྱུར་བྱེད་པར་གོམ་པ་རེ་རེ་སྤོ་དགོས། ངའི་གོམ་པ་དང་པོ་ནི་སློབ་ཆེན་གནས་སའི་དབྱང་ལིན་དུ་ཐེ་ལན་གྱི་ཟ་ཁང་དང་པོ་འཛུགས་རྒྱུ་དེ་ཡིན། སློབ་ཆེན་ཐོན་རྗེས་དབྱང་ལིན་དུ་སྡོད་པ་ནི་དགེ་རྒན་དང་གྲོགས་པོ་ཚོ་དང་ཁ་བྲལ་འདོད་མེད་པས་ཡིན་ཞེས་བཤད་པ་རེད།
         “ང་ཀྲུང་གོར་བསྡད་དེ་བྱ་གཞག་གཏོད་འདོད་འདུག ཕྱིས་སུ་ཐེ་ལན་དུ་ལོག་དགོས་པས། དེ་ང་ལོ་50ལ་སླེབས་དུས་ཡིན་ན་བསམ་གྱི་འདུག”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།