འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སོའར་ཧའེ་མོའུ་ཡིས་ཀྲུང་གོའི་བྱེ་འགོག་བྱེ་བཅོས་ཀྱི་ཉམས་མྱོང་འཛམ་གླིང་གིས་དཔྱད་
    གཞིར་འཛིན་རིན་ཡོད་པ་བསྟན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་17ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་ཨའེ་ལི་ཁེ·སོའར་ཧའེ་མུའུ་ཡིས་དེ་གོང་འཚོགས་པའི་རྒྱལ་སྤྱིའི་བྱེ་རྡུལ་རླུང་འཚུབ་འགོག་བཅོས་ཀྱི་ཚོགས་ཆེན་འཚོག་རིང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཀྲུང་གོའི་བྱེ་འགོག་བྱེ་བཅོས་ཀྱི་ཉམས་མྱོང་དེ་འཛམ་གླིང་ངོས་ནས་བརྗོད་ན་དཔྱད་གཞིའི་མེ་ལོང་དུ་འཛིན་རིན་ཆེན་པོ་ཡོད་ཅེས་བཤད་བྱུང་།
         སོའར་ཧའེ་མུའུ་ཡིས་ཐང་རྒོད་ཅན་བཅོས་སྐྱོང་དང་བྱེ་རྡུལ་རླུང་འཚུབ་འགོག་བཅོས་ཐད་ཀྲུང་གོས་འཚོལ་ཞིབ་དང་ཚོད་ལྟ་ཧུར་ཐག་བྱས་པར་ཚད་མཐོའི་གདེང་འཇོག་བྱས་པ་རེད། ཁོང་གིས་རིང་མིན་གོང་ངས་ཀྲུང་གོའི་ཁུ་པུ་ཆི་བྱེ་ཐང་དུ་ཕྱིན་པ་ཡིན། དེ་དུས་ཡུལ་དེ་གའི་བྱེ་འགོག་རྣམ་གྲངས་ཐད་སྤྱད་པའི་ཚན་རྩལ་མཐོ་བའི་སྣོད་བཅུད་ལག་རྩལ་དང་ཡུལ་དེ་གའི་འབྲོག་པས་བྱེ་ཐང་ཁྲོད་སྤེལ་བའི་སྣོད་བཅུད་ཡུལ་སྐོར་སོགས་ཀྱི་རྣམ་གྲངས་ཀྱིས་ངར་བག་ཆགས་ཟབ་མོ་བཞག་བྱུང་། ངས་བྱས་ན་ཁུ་པུ་ཆིའི་བྱེ་ཐང་སྣོད་བཅུད་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ཀྱིས་འཛམ་གླིང་ཐོག་གི་ཐང་རྒོད་ཅན་གྱི་གནད་དོན་འཕྲད་པའི་རྒྱལ་ཁབ་དང་ས་ཁུལ་ལ་ཉམས་མྱོང་མཁོ་འདོན་བྱེད་ཐུབ་ཅེས་བཤད་པ་རེད།
        ཁོང་གིས“ཁུ་པུ་ཆིའི་སྣོད་བཅུད་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས”ཀྱི་སྙིང་པོ་ནི་ཚན་རྩལ་གྱིས་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་དང་། ཐོན་ལས་ཀྱིས་གཞི་ཁྱོན་ལྡན་པའི་བྱེ་བཅོས་བྱ་རྒྱུར་སྐུལ་ཁྲིད། སྣོད་བཅུད་ཀྱིས་དམངས་འཚོ་ལེགས་གཏོང་ལ་སྐུལ་ཁྲིད་བཅས་བྱ་རྒྱུ་དེ་ཡིན། “རྒྱུད་གཅིག་ལམ་གཅིག”རིམ་བཞིན་བསྐྲུན་པ་དང་བསྟུན་ནས་བྱེ་འགོག་བྱེ་བཅོས་ཐད་ཀྱི་ཀྲུང་གོའི་ཉམས་མྱོང་ཡང་ཨ་ཧྥེ་རི་ཁ་དང་། འཛམ་གླིང་དབུས་ཤར་ས་ཁུལ། ལ་ཏིང་མེ་གླིང་སོགས་སུ་རྒྱ་ཁྱབ་ངང་ཁྱབ་གདལ་ཐུབ་ནས་བྱེ་རླུང་ཤུགས་ཆེན་འཚུབ་བའི་རྒྱལ་ཁབ་དང་ས་ཁུལ་གྱི་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་རེད་ཅེས་བཤད་པ་རེད།
         སོའར་ཧའེ་མུའུ་ཡིས་ཐང་རྒོད་ཅན་དང་བྱེ་རྡུལ་རླུང་འཚུབ་ཀྱིས་རང་བྱུང་ཁོར་ཡུག་དང་། མིའི་རིགས་ཀྱི་བདེ་ཐང་། དཔལ་འབྱོར་འཕེལ་རྒྱས་བཅས་དང་དེ་བཞིན་ས་ཁོངས་བདེ་འཇགས་ལ་གནོད་འཚེ་བཟོ་ཡི་ཡོད་པས་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐོང་ཆེན་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད། ཁོང་གིས“མཉམ་འབྲེལ་རྒྱལ་ཚོགས་ལ་ཕྱོགས་ཁག་དང་ལྷན་དུ་འགྲན་སློང་ལ་ཁ་གཏད་འཇལ་ནས་རྒྱལ་སྤྱིའི་བྱེ་བཅོས་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ་དམངས་འཚོའི་གྲོས་གཞི་ཆེན་པོ་འདི་ཐག་གཅོད་བྱ་རྒྱུའི་འོས་འགན་ཡོད”ཅེས་བཤད།
         ཁོང་གིས་བྱེ་འགོག་བྱེ་བཅོས་ཁྱབ་ཁོངས་ནང་ཀྲུང་གོ་སྔར་ནས་ད་བར་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། འདི་ལོའི་ཟླ་ལྔ་པར་ཀྲུང་གོའི་ཁོར་ཡུག་སྲུང་སྐྱོང་པུའུ་དང་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས“རྒྱུད་གཅིག་ལམ་གཅིག”གི་ལྗང་མདོག་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མནའ་འབྲེལ་འཛུགས་དོན་ནི་ཐང་རྒོད་ཅན་གྱི་དཀའ་ངལ་འཕྲད་པའི་འབྲེལ་ཡོད་རྒྱལ་ཁབ་ལ་སྣོད་བཅུད་བཅོས་སྐྱོང་དང་ཐང་རྒོད་ཅན་འགོག་བཅོས་ཀྱི་ཉམས་མྱོང་མཁོ་འདོན་བྱ་རྒྱུ་མ་ཟད། རླུང་ནུས་དང་ཉི་ནུས་སོགས་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད་བྱ་ཆེད་ཡིན།
         འདི་ལོའི་ཟླ་9པར་མཉམ་འབྲེལ་རྒྱལ་ཚོགས་ཐང་རྒོད་ཅན་འགོག་བཅོས་ཀྱི་སྤྱི་ཆིངས་ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་འདུ་ཐེངས་13པ་ཀྲུང་གོའི་ནང་སོག་རང་སྐྱོང་ལྗོངས་སུ་འཚོག་རྒྱུ་ཡིན་ཞིང་། ཆིངས་ཡིག་འཇོག་མཁན་གྱི་འཐུས་མི་195ལྷན་འཛོམས་ཀྱིས་གོ་ལ་ཧྲིལ་པོའི་ཐང་རྒོད་ཅན་འགོག་བཅོས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱ་རྒྱུ་རེད།
         ད་ཐེངས་ཀྱི་རྒྱལ་སྤྱིའི་བྱེ་རྡུལ་རླུང་འཚུབ་འགོག་བཅོས་ཀྱི་ཚོགས་ཆེན་དེ་ཚེས་3ཉིན་དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ་འགོ་ཚུགས་པ་དང་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་དང་དབྱི་རན་ཁོར་ཡུག་པུས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། དུས་ཡུན་ཉིན་གསུམ་གྱི་ཚོགས་འདུའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་དང་རྒྱལ་ཁབ་30ལྷག་ཙམ་ནས་ཡོང་བའི་འཐུས་མི་400ལྷག་ཙམ་གྱིས་བྱེ་རྡུལ་རླུང་འཚུབ་འགོག་བཅོས་དང་། ཐང་རྒོད་ཅན་བཅོས་སྐྱོང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།