འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་
    རྒྱས་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསར་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་20ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད། བསྡོམས་རྩིས་ལས་མངོན་པ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ནས་ལོ་ལྔ་སོང་བའི་རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསར་པ་ཐོབ་ཡོད་པ་རེད།
        ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིར་ཤུཌ་རྐྱེན་ཐེབས་ཤུཌ་མངོན་གསལ་དོད་པོས་ཆེ་རུ་སོང་བ།
        གྲངས་གཞི་ལས་མངོན་པར། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་དཔལ་འབྱོར་འཕར་ཚད་མྱུར་འབྲིང་རྒྱུན་འཁྱོངས་ཐུབ་ཡོད། 2013ལོ་ནས་2016ལོ་བར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་7.2%འཕར་ཏེ་དུས་མཚུངས་ཀྱི་འཛམ་གླིང་གི་2.5%དང་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་སྒྲིག་གཞིའི་4%ཡི་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོད། འཛད་སྤྱོད་ཉིད་དཔལ་འབྱོར་འཕར་བའི་སྐུལ་འདེད་ནུས་པ་གཙོ་བོར་གྱུར་ཞིང་། 2013ལོ་ནས་2016ལོ་བར་མཐའ་མཇུག་གི་འཛད་སྤྱོད་གཏོང་སྒོས་དཔལ་འབྱོར་འཕར་ཚད་ལ་ལོ་རེར་ཆ་སྙོམས་ལེགས་སྐྱེས་འབུལ་ཚད་55%ཟིན་ནས་མ་རྩའི་བསྡོམས་འབོར་གྱི་ལེགས་སྐྱེས་འབུལ་ཚད་ལས་བརྒྱ་ཆའི་གྲངས་8.5ཡིས་མཐོ་བ་ཡོད།
         དེ་དང་ཆབས་ཅིག་ལས་ཞུགས་དང་ཟོག་གོང་བརྟན་པོ་ཡོད་ཅིང་། 2013ལོ་ནས་2016ལོ་བར། གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་བྱེད་ཚད་ལོ་བཞི་བསྟུད་མར་མི་ཁྲི་1300ཡན་རྒྱུན་འཁྱོངས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཆེ་གྲས་31ལ་བརྟག་ཞིབ་བྱས་པ་བརྒྱུད་ལས་ཤོར་ཐོ་འགོད་བྱེད་ཚད་གཞི་རྩའི་ཆ་ནས་5%ཡས་མས་བརྟན་པོ་བྱུང་བ། ཞིང་པ་ལས་མིའི་སྤྱི་འབོར་ལོ་རེར་ཆ་སྙོམས་1.8%འཕར་བ། ཟོག་གོང་འཕར་ཚད་བརྟན་པོ་ཡོད་པ། 2013ལོ་ནས་2016ལོ་བར་གྲོང་མིའི་འཛད་སྤྱོད་རིན་གོང་ལོ་རེར་ཆ་སྙོམས་2.0%འཕར་ཡོད་པ་རེད།
         གཞན་ཡང་རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་ཞིང་། 2016ལོར་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དངུལ་ལ་ཕབ་ན་ཨ་སྒོར་དུང་ཕྱུར་ཁྲི་11.2ཟིན་པ་དང་འཛམ་གླིང་དཔལ་འབྱོར་སྤྱི་འབོར་གྱི་15%ཡས་མས་བཟུང་སྟེ་2012ལོ་ལས་བརྒྱ་ཆའི་གྲངས་3ལྷག་ཙམ་མཐོ་རུ་ཕྱིན་ཏེ་འཛམ་གླིང་གི་ཨང་གཉིས་པར་བརྟན་པོ་གནས་ཐུབ་ཡོད། 2013ལོ་ནས་2016ལོ་བར་རང་རྒྱལ་གྱིས་འཛམ་གླིང་དཔལ་འབྱོར་འཕར་རྒྱུར་ཆ་སྙོམས་ལེགས་སྐྱེས་འབུལ་ཚད་30%ཡན་ཟིན་ཏེ་ཨ་རི་དང་། ཡོ་སྒོར་སྤྱོད་ཁུལ། རི་པིན་བཅས་ཀྱི་ལེགས་སྐྱེས་འབུལ་ཚད་ཀྱི་བསྡོམས་འབོར་ལས་བརྒལ་ཏེ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
         འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ།
         བསྡོམས་རྩིས་ལས་མངོན་པ་ལྟར་ན། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཞིང་། 2016ལོའི་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་འགྱུར་ཚད་57.35%ཟིན་ནས་2012ལོའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་4.78མཐོ་རུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་སོང་ཡོད། 2016ལོའི་ལོ་མཇུག་ཏུ་རང་རྒྱལ་གྱི་ཐེམ་ཐོའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་འགྱུར་ཚད་41.2%ཟིན་ཏེ་2012ལོའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་6.2མཐོ་རུ་ཕྱིན་པ་དང་། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་འགྱུར་ཚད་དང་བསྡུར་ན་ཧེ་བག་བརྒྱ་ཆའི་གྲངས་16.1ཡིན་པ་དང་ཧེ་བག་བརྒྱ་ཆའི་གྲངས་1.4ཆུང་དུ་ཕྱིན་ཡོད།
         སློབ་གསོའི་བྱ་གཞག་ལ་མངོན་གསལ་དོད་པོས་ཤུགས་སྣོན་བརྒྱབ་ཅིང་། ལོ་དགུའི་འོས་འགན་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་དང་། མཐོ་རིམ་སློབ་གསོའི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་སྟེ་2016ལོར་42.7%ཟིན་པ་དེ་2012ལོ་ལས་བརྒྱ་ཆའི་གྲངས་12.7མཐོ་རུ་ཕྱིན་ཡོད།
         རིག་གནས་དར་རྒྱས་གོང་འཕེལ་ལ་རྣམ་པ་གསར་པ་ཐོན་ཞིང་། 2016ལོར་གྲོང་མིས་རིག་གནས་རོལ་རྩེད་ཐད་མི་རེས་ཆ་སྙོམས་སྒོར་800འཛད་སྤྱོད་བྱས་པ་དེ་2013ལོ་ལས་38.7%འཕར་བ་དང་ལོ་རེར་ཆ་སྙོམས་འཕར་ཚད་11.5%ཟིན་ཡོད།
         བདེ་ཐང་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་མྱུར་པོ་བཏང་ཞིང་། མི་ཆིག་སྟོང་རེར་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲིའི་་གྲངས་འབོར་2012ལོའི་4.24ནས་2016ལོའི་5.37བར་མང་དུ་བཏང་ཡོད། གྲོང་མིའི་ཆ་སྙོམས་སྔོན་དཔག་ཚེ་ཚད་2010ལོའི་ལོ་74.83ནས་2015ལོའི་ལོ་76.34བར་རིང་དུ་ཕྱིན་ཡོད།
         འགྲིམ་འགྲུལ་སྐྱེལ་འདྲེན་ནུས་པ་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཞིང་། 2012ལོ་ནས་2016ལོ་བར་མྱུར་བགྲོད་ལྕགས་ལམ་གཉེར་སྐྱོང་གི་ལམ་ཚད་སྤྱི་ལེ་ཁྲི་1མ་ཟིན་པ་ནས་ད་ཆ་སྤྱི་ལེ་ཁྲི་2.2ཡན་རིང་དུ་བཏང་སྟེ་འཛམ་གླིང་གི་ཨང་དང་པོར་བརྟན་པོར་གནས་ཡོད། གཞུང་ལམ་གི་ལམ་ཚད་སྤྱི་ལེ་ཁྲི་424ནས་སྤྱི་ལེ་ཁྲི་470བར་རིང་དུ་བཏང་བའི་ཁྲོད་མྱུར་བགྲོད་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་9.6ནས་སྤྱི་ལེ་ཁྲི་13.1བར་རིང་དུ་བཏང་བ་དེ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། 2016ལོའི་ལོ་མཇུག་ཏུ་གྲོང་ཁྱེར་འཁོར་ལམ་འགྲིམ་འགྲུལ་གཉེར་སྐྱོང་ལམ་ཐིག་གི་ལམ་ཚད་སྤྱི་ལེ་4153ཟིན་པ་དང་གཉེར་སྐྱོང་ལམ་ཐིག་གྲོང་ཁྱེར་30ལ་ཁྱབ་ཡོད།
         མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་མངོན་གསལ་དོད་པོས་ཆེ་རུ་སོང་བ།
         གྲངས་གཞི་ལས་མངོན་པར། གྲོང་མིའི་ཡོང་འབབ་ཅུང་མྱུར་པོ་འཕར་ཞིང་། 2016ལོར་རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་23821ཟིན་ནས་2012ལོ་ལས་སྒོར་7311མང་དུ་ཕྱིན་ཏེ་ལོར་ཆ་སྙོམས་7.4%དངོས་སུ་འཕར་ཡོད། 2016ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ་ཁྱད་2.72ཡིན་པ་དེ་2012ལོ་ལས་0.16ཆག་ཡོད།
         དེ་དང་ཆབས་ཅིག་གྲོང་མིའི་འཚོ་བའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཞིང་། 2016ལོར། རྒྱལ་ཡོངས་ཀྱི་གྲོང་མི་མི་རེས་ཆ་སྙོམས་སྒོར་17111འཛད་སྤྱོད་བྱས་པ་དེ་2012ལོ་ལས་སྒོར་4255འཕར་བ་དང་ལོར་ཆ་སྙོམས་མིང་ཙམ་གྱི་འཕར་ཚད་7.4%ཟིན་ཡོད། འཛད་སྤྱོད་གྲུབ་ཆ་རིམ་སྤོར་གོམ་སྟབས་མྱུར་དུ་ཕྱིན་ནས་འཕེལ་རྒྱས་དང་ལོངས་སྤྱོད་རིགས་ཀྱི་འཛད་སྤྱོད་བསྡུར་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། 2016ལོར་རྒྱལ་ཡོངས་ཀྱི་གྲོང་མིའི་ཨེན་ཀེར་རྟགས་གྲངས་30.1%ཟིན་ནས་2012ལོ་ལས་བརྒྱ་ཆའི་གྲངས་2.9ཆག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཟོས་པའི་འབྱོར་ལྡན་ཚད་གཞི་20%ནས་30%བར་དང་ཐག་ཉེ་པོ་ཡོད་པ་རེད། འགྲིམ་འགྲུལ་འཕྲིན་གཏོང་དང་། སློབ་གསོ་རིག་གནས་རོལ་རྩེད། སྨན་བཅོས་བདེ་སྲུང་བཅས་ཀྱི་གཏོང་སྒོས་འཛད་སྤྱོད་གཏོང་སྒོའི་ནང་བཟུང་བའི་བསྡུར་ཚད་2012ལོ་ལས་བརྒྱ་ཆའི་གྲངས་2.0དང་། 0.7 1.3བཅས་སོ་སོར་འཕར་ཡོད། གྲོང་མིའི་དངོས་པོ་དང་བསམ་པའི་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཞིང་། 2016ལོར་རྒྱལ་ཡོངས་ཀྱི་གྲོང་མི་དུད་ཚང་བརྒྱ་རེར་ཁྱིམ་སྤྱོད་རླངས་འཁོར་27.2ཡོད་པ་དེ་2013ལོ་ལས་63.9%འཕར་བ་དང་། རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་གྲངས་དུང་ཕྱུར་44.4ཟིན་ནས་2012ལོ་ལས་50.2%འཕར་བ། ས་ཁོངས་སྒྲོལ་ནས་ཡུལ་སྐོར་དུ་འགྲོ་མཁན་མི་ཐེངས་དུང་ཕྱུར་1.22ཟིན་ནས་2012ལོ་ལས་46.7%འཕར་བ་བཅས་རེད།
         གཞན་ཡང་། གནད་སྨིན་དབུལ་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད་ཅིང་། མི་རེར་ལོ་རེར་སྒོར་2300(2010ལོར་ཚད་གཞི་འགྱུར་མེད)ཡི་གྲོང་གསེབ་ཀྱི་དབུལ་ཕོངས་ཚད་གཞི་གཞིར་བཟུང་བརྩིས་ན། 2016ལོར་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་4335ཟིན་ནས་2012ལོ་ལས་མི་ཁྲི་5564ཉུང་དུ་ཕྱིན་པ་དང་ཆ་སྙོམས་ལོ་རེར་མི་ཁྲི་1400དབུལ་སྒྲོལ་བྱུང་བ་དང་། དབུལ་པོར་འགྱུར་ཚད་4.5%བར་ཆག་ནས་2012ལོ་ལས་བརྒྱ་ཆའི་གྲངས་5.7ཆག་ཡོད། 2016ལོར། ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་གྲོང་མི་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8452ཟིན་པ་དེ་རིན་གོང་གི་རྒྱུ་རྐྱེན་ཕུད་དོན་དངོས་ཐོག་2012ལོ་ལས་ལོ་རེའི་འཕར་ཚད་10.7%ཟིན་པ་དང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཆ་སྙོམས་ལོ་རེའི་འཕར་ཚད་ལས་བརྒྱ་ཆའི་གྲངས་2.7གྱིས་འཕར་མགྱོགས་པ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།