འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་པུས་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ལྡན་ལུད་ཁྱབ་
    གདལ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་20ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་18ཉིན། ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲེན་གྱིས་སྐྱེ་ལྡན་ལུད་ཁྱབ་གདལ་གཏོང་རྒྱུ་དེ་ནི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ལས་བྱུང་བའི་ཟོག་རོ་ཐོན་ཁུངས་ཅན་དུ་བེད་སྤྱོད་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། ཞིང་ལས་པུས་ལྗང་མདོག་སྣོད་བཅུད་སྟོན་ཕྱོགས་སུ་བྱེད་པའི་ཞིང་ལས་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་འབྲེལ་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་སྤྱད་དེ་སྤྱི་ཚོགས་ཅན་གྱི་ཞབས་ཞུར་སྐྱེ་ལྡན་ལུད་གསོག་པ་དང་། སྐྱེལ་འདྲེན། བཀོལ་སྤྱོད་སོགས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་སྐྱེ་ལྡན་ལུད་རྒྱག་རྒྱུ་་མང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཁྲིད་སྟོན་བྱ་རྒྱུ་རེད་ཅེས་བཤད།
         ཡུས་ཁང་ཀྲེན་གྱིས་ཚེས་14ཉིན་ཞིང་ལས་པུས་འཚོགས་པའི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ལས་བྱུང་བའི་ཟོག་རོ་ཐོན་ཁུངས་ཅན་དུ་བེད་སྤྱོད་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གོང་གསལ་གྱི་གནས་ཚུལ་གླེང་བ་རེད།
         ཡུས་ཁང་ཀྲེན་གྱིས་བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་མ་གནས་འཕར་བའི་གནས་ཚུལ་འོག་ཞིང་པས་ངལ་དུས་གྲོན་ཆུང་བྱེད་པའི་རྫས་ལུད་སྤྱོད་རྒྱུར་གོམས་གཤིས་ཆགས་ཡོད་པས། ལས་རྙོག་ཆེ་བའི་སྐྱེ་ལྡན་ལུད་སྤྱོད་འདོད་དེ་ཙམ་བྱེད་ཀྱི་མེད། གཞན་ཡང་། འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས་ཆེད་ལས་ཅན་དུ་འཕེལ་རྒྱས་ཕྱིན་པས་དེ་གཉིས་པོ་ཕན་ཚུན་ལོགས་སུ་དབྱེ་བ་དང་ཁག་བགོས་བྱས་པས་འདེབས་གསོའི་འཁོར་རྒྱུག་ཤར་གཏོང་ཡག་པོ་བྱུང་མེད། ཡིན་ནའང་དེང་སྐབས་ཕྱོགས་གཅིག་ནས་རང་རྒྱལ་གྱི་རྨོ་ཞིང་གི་སྤུས་ཚད་མངོན་གསལ་དོད་པོས་ཆག་པས་སྐྱེ་ལྡན་ལུད་འབོར་ཆེན་བརྒྱབ་སྟེ་ས་རྒྱུ་ལེགས་བཅོས་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་གཞི་ཁྱོན་ཅན་གྱི་གསོ་སྤེལ་ལས་བྱུང་བའི་སྒོ་ཕྱུགས་ཀྱི་ལྕི་བ་དང་བྱ་བྲུན་མང་པོ་བེད་སྤྱོད་ནུས་ལྡན་ཐུབ་མེད་པ་མ་ཟད། ཐ་ན་སྦགས་བཙོག་བཟོས་ཡོད་ཅེས་ངོ་སྤྲོད་བྱས་ཡོད།
         སྲིད་ཇུས་རོགས་སྐྱོར་ལ་ཤུགས་སྣོད་རྒྱག་པ་ཕུད་གོམ་སྟབས་རྗེས་མར་ཞིང་ལས་པུའུ་ཡིས་སྐྱེ་ལྡན་ལུད་ཐོན་སྐྱེད་དང་། གསོག་པ། བཀོལ་སྤྱོད་བཅས་ཁྲོད་ཀྱི་དཀའ་གནད་ལ་དམིགས་ནས་མཉམ་འབྲེལ་ཐོག་འགག་སྒྲོལ་བྱེད་པ་དང་། སྒོ་ཕྱུགས་ཀྱི་ལྕི་བ་དང་བྱ་བྲུན་ཁག་ལུད་བཟོ་བ་དང་སྐྱེ་ལྡན་ལུད་སྤྱོད་པའི་འགག་རྩའི་ལག་རྩལ་ཁག་གཅིག་འདུས་གྲུབ་བྱས་ནས་གནོད་མེད་ཅན་གྱི་གཙང་སེལ་དང་། ལུད་ཞིང་ནང་དུ་སྐྱེལ་བ་སོགས་ལག་རྩལ་གྱི་ཚད་གཞི་ཁག་གཅིག་བཟོས་ཏེ་ཞིང་པར་ལག་རྩལ་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུ་མ་ཟད། ད་དུང་འདེབས་གསོའི་དུད་ཆེན་དང་། ཞིང་པའི་མཉམ་ལས་ཁང་། སྣེ་འདྲེན་ཁེ་ལས་སོགས་གཉེར་སྐྱོང་བྱེད་པོ་གསར་པར་སྐྱེ་ལྡན་ལུད་སྤྱོད་རྒྱུར་གཙོ་གནད་དུ་རྒྱབ་སྐྱོར་བྱ་རྒྱུ་དང་བཀྲག་མདངས་འཚེར་ས་ལྡན་པའི་དཔེ་སྟོན་ཁུལ་ཁག་གཅིག་སྟོབས་ཤུགས་གཅིག་སྡུད་ངང་སྐྲུན་པར་བརྟེན་ནས་སྐྱེ་ལྡན་ལུད་ཁྱབ་གདལ་གཏོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་དང་འབྲེལ་སྤྱི་ཚོགས་ཀྱི་ལས་རིགས་ཁག་སྒོ་ཕྱུགས་ཀྱི་ལྕི་བ་དང་བྱ་བྲུན་གཙོ་བོར་བྱེད་པའི་སྐྱེ་ལྡན་ལུད་ཀྱི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།