འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ནགས་ཚལ་མེ་ཟོན་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 1988ལོ་ཚུན་དུ་རྒྱལ་ཡོངས་སུ་ལོ་རེར་ཆ་སྙོམས་ནགས་ཚལ་མེ་སྐྱོན་ཐེངས་7082ཐོན་པ་དང་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་7.3ལ་གནོད་འཚེ་ཕོག་པ་དེ་1987ལོའི་གོང་ལས་55.6%དང་92.3%ཆག་པས་ནགས་ཚལ་མེ་ཟོན་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
            དེ་ནི་གསར་འགོད་པར་ཚེས་13ཉིན་མོ་ཧོ་རྫོང་དུ་འཚོགས་པའི་ཧེ་ལུང་ཅང་ཏ་ཤིང་ཨན་ལིང་གི“87·5·6”གི་ནགས་ཚལ་ལ་མེ་སྐྱོན་ཆེན་པོ་ཤོར་ནས་ལོ་30འཁོར་བའི་བཞུགས་མོལ་ཚོགས་འདུ་དང་2017ལོའི་རྒྱལ་ཡོངས་དཔྱིད་དུས་དོགས་ཟོན་ལས་དོན་ཕྱོགས་སྡོམ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད། ལོ་30ཡི་རིང་རྒྱལ་ཡོངས་ཀྱི་ཆེད་ལས་དང་ཕྱེད་ཆེད་ལས་ཀྱི་ནགས་ཚལ་མེ་ཟོན་མེ་གསོད་དཔུང་ཁག་དེ་1987ལོར་མི་ཁྲི་གཅིག་མི་ཟིན་པ་ནས་ད་ཆའི་མི་ཁྲི་61.6བར་མང་དུ་ཕྱིན་པ་དང་། ནགས་ཚལ་དཔུང་སྡེའི་སྤྱི་ཁྱབ་རུ་ཁག་གསུམ་གྱི་མི་ཁྲི1ནས་སྤྱི་ཁྱབ་རུ་ཁག་དགུའི་མི་ཁྲི་2.5བར་མང་དུ་ཕྱིན་ཏེ་བཅའ་སྡོད་བྱ་ཡུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་14བར་མང་དུ་ཕྱིན་པ། མཁའ་འགྲུལ་ནགས་སྲུང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་6ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་19བར་མང་དུ་ཕྱིན་པ། གནམ་གྲུ་གཡར་ཐེངས་57ནས་262བར་མང་དུ་ཕྱིན་པ། གནམ་གྲུ་ཆེ་འབྲིང་གི་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ། མཁའ་དབྱིངས་ནས་མེ་གསོད་པའི་ཐབས་ཤེས་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ། ཐད་ཀར་མེ་གསོད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བཅས་རེད།
          རྒྱལ་ཁབ་ནགས་ཚལ་མེ་ཟོན་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་རྒྱལ་ཁབ་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཧྲུའུ་མིང་གིས་ནགས་ཚལ་མེ་ཟོན་ལས་དོན་ཡག་པོ་སྒྲུབ་པར་མི་རྩ་བར་འཛིན་པ་དང་། སྔོན་འགོག་གཙོ་བོར་བྱེད་པ། མེ་ཧུར་ཐག་གསོད་པ་བཅས་ཀྱི་ལས་ཀའི་བྱེད་ཕྱོགས་ངེས་པར་དུ་མཐའ་འཁྱོངས་བྱེད་པ་དང་ཚན་རིག་ལ་བརྟེན་པ་དང་། མང་ཚོགས་ལ་བརྟེན་པ། ཁྲིམས་ལུགས་ལ་བརྟེན་པ་བཅས་ཀྱི་ལས་ཀའི་རྩ་དོན་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས། དེ་ནི་དུས་ཡུན་རིང་པོའི་ནང་རང་རྒྱལ་གྱི་ནགས་ཚལ་མེ་ཟོན་ལས་དོན་གྱིས་གསོག་འཇོག་བྱས་པའི་རྩ་ཆེའི་ཉམས་མྱོང་ཞིག་རེད་ཅེས་བཤད་པ་རེད།
          དྲག་ཆས་ཉེན་རྟོག་ནགས་ཚལ་བཀོད་འདོམས་པུའི་ཆབ་སྲིད་ཨུ་ཡོན་ཏའེ་ཅན་གོ་ཡིས་རང་རྒྱལ་གྱི་ནགས་ཚལ་མེ་ཟོན་གྱི་སྟོབས་ཤུགས་གཙོ་བོ་ཡིན་པའི་དྲག་ཆས་ཉེན་རྟོག་ནགས་ཚལ་དཔུང་སྡེས་བཀོད་འདོམས་ཚོད་འཛིན་དང་། སྟབས་བསྟུན་མགྱོགས་པོ། ནུས་ཆེའི་མེ་གསོད། ཕྱོགས་བསྡུས་འགན་ལེན་བཅས་གཞི་གཅིག་ཏུ་འདུས་པའི་ཆེད་ལས་མ་ལག་ཅིག་རྒྱུན་ཆད་མེད་པར་བཏོད་པས་ཆ་འཕྲིན་ཅན་གྱིས་གཙོ་ཁྲིད་དང་། ཡུལ་བབ་དང་ཟུང་འབྲེལ། གནམ་ས་གཞི་གཅིག་ཅན་བཅས་ཀྱི་དེང་རབས་ཅན་གྱི་མེ་གསོད་ནུས་པ་ཞིག་ཆགས་པ་བྱས་ནས་ལོ་རེར་ཆ་སྙོམས་མེ་ཟོན་ལས་ཀ་ཐེངས་4200ལྷག་ཙམ་སྒྲུབ་པ་དང་མེ་སྐྱོན་ཐེངས་400ལྷག་ཙམ་བསད་དེ་རང་རྒྱལ་གྱི་ནགས་ཚལ་མེ་ཟོན་ལས་དོན་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།