འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཐི་རོམ་ཕུ་ཀྱིས་རྩ་ཁྲིམས་དང་འགལ་རིགས་བྱས་འདུག་ཅེས་ཞུ་གཏུག་བྱས་པ་དང་ཕོ་བྲང་དཀར་
    པོ་ཕྱོགས་ཀྱིས་དེར་ཆབ་སྲིད་ཀྱི་དམིགས་དོན་ཡོད་ལུགས་ཀྱི་ཁ་རྡུང་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཐི་རོམ་ཕུ་ཀྱིས་རྩ་ཁྲིམས་དང་འགལ་རིགས་བྱས་འདུག་ཅེས་ཞུ་གཏུག་བྱས་པ་དང་ཕོ་བྲང་དཀར་
པོ་ཕྱོགས་ཀྱིས་དེར་ཆབ་སྲིད་ཀྱི་དམིགས་དོན་ཡོད་ལུགས་ཀྱི་ཁ་རྡུང་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན། ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲེང་ཏོན་དམིགས་བསལ་ཁུལ་(Washington,D.C.)དང་ཐག་ཉེ་བའི་མཱ་རའེ་ལན་ཏི་(Maryland)མངའ་སྡེའི་ཞིབ་དཔྱོད་དཔོན་གྱིས་མིང་སྦྲེལ་ཐོག་ནས་སྲིད་འཛིན་ཐི་རོམ་ཕུ་ལ་དམིགས་ནས་ཞུ་གཏུག་བྱས་ཏེ་ཁོང་ཉིད་སྲིད་འཛིན་ཡིན་པའི་ཆ་ནས་ཨ་རིའི་རྩ་ཁྲིམས་ཁྲོད་ཀྱི་གླ་ཕོགས་དོན་ཚན་དང་འགལ་འདུག་ཅེས་གྱོད་གཏུག་བྱས་ནས་ཁྲིམས་ཁང་གིས་གྱོད་དོན་ཐོ་འགོད་བྱས་པ་བརྒྱུད་དེ་ཐི་རོམ་ཕུ་ལ་བཙན་ཤེད་ཀྱིས་དཔྱ་ཁྲལ་འཇལ་སྒྲུབ་ཀྱི་རེའུ་མིག་ཡོངས་བསྒྲགས་བྱེད་ཐབས་འཚོལ་བ་རེད། ཕོ་བྲང་དཀར་པོ་ཕྱོགས་ཀྱིས་འཕྲལ་མར་ཞུ་གཏུག་འདིར་ཏང་ཁག་གི་ཆབ་སྲིད་དམིགས་དོན་འདུག་ཅེས་ཁ་རྡུང་བཏང་བ་རེད།
           འདི་ནི་ཨ་རི་ཡི་སྲིད་གཞུང་དངོས་ཀྱིས་ཐི་རོམ་ཕུ་ལ་དམིགས་ནས་བཏོན་པའི་ཞུ་གཏུག་ཐོག་མ་ཡིན་པ་རེད། ཝ་ཧྲེང་ཏོན་དམིགས་བསལ་ཁུལ་གྱི་ཞིབ་དཔྱོད་དཔོན་ཁའར་•ལཱ་ཤིན་དང་མཱ་རའེ་ལན་ཏི་མངའ་སྡེའི་ཞིབ་དཔྱོད་དཔོན་པུ་ལའེ་ཨེན་•ཧྥུ་ལུའོ་སི་གཉིས་ཀྱིས་མཱ་རའེ་ལན་ཏི་མངའ་སྡེའི་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་གྱི་ཁྲིམས་ཁང་ལ་ཕུལ་བའི་འཕྲིན་ཡིག་ཏུ། ཐི་རོམ་ཕུ་ཡིས་ད་ལོའི་ཟླ་དང་པོར་ལས་འགན་བཞེས་པ་ནས་བཟུང་། གཞུང་ཕྱོགས་ལས་འགན་དང་སྒེར་གྱི་ཁེ་ཕན་ཕྱོགས་འགལ་གྱི་ཁས་ལེན་མང་པོ་ཞིག་ཤོར་ནས་ཕྱི་རྒྱལ་སྲིད་གཞུང་གི་གླ་ཆ་དང་ཁེ་ཕན་གྲངས་ཀ་ཨ་སྒོར་ཁྲི་བརྒྱ་ཕྲག་ལྷག་བླངས་ཡོད་པ་ལས། "སྔར་སྲོལ་དཔེ་མེད་ངང་རྩ་ཁྲིམས་ལས་འགལ་ཡོད་པ"མ་ཟད། ཨ་རིའི་ཆབ་སྲིད་ལམ་ལུགས་ཀྱི་འཐུས་ཚང་རང་བཞིན་ཡང་གཏོར་བཤིག་བཏང་འདུག་ཅེས་བརྗོད་ཡོད་པ་རེད།
          ཞིབ་དཔྱོད་དཔོན་གཉིས་ཀྱིས་ད་དུང་། གལ་སྲིད་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་དཔོན་གྱིས་གྱོད་དོན་ཐོ་འགོད་བྱ་རྒྱུར་འཐད་པ་བྱུང་ཚེ། ཐི་རོམ་ཕུ་ཡི་ནོར་དོན་ཟིན་ཐོ་ལེན་པའི་རེ་བ་འདོན་རྒྱུ་དང་། ཁོང་ཉིད་སྲིད་འཛིན་དུ་འདེམས་བསྐོ་བྱས་པ་ནས་བཟུང་། ཁོང་གི་ཁྲལ་སྒྲུབ་སྙན་ཞུའི་རེའུ་མིག་ཡོངས་བསྒྲགས་བྱེད་རྒྱུ་ཁས་བླངས་མེད་པ་དེའང་ཚུད་པར་བྱས་ནས་ཕྱི་རྒྱལ་སྲིད་གཞུང་བར་གྱི་དཔལ་འབྱོར་འགྲོ་འོང་གི་གནས་ཚུལ་ལ་ཚོད་བགམ་བྱ་དགོས་ཞེས་བསྟན་ཡོད་པ་རེད། ཁོང་ཚོས་ད་དུང་སྤྱི་མཐུན་ཏང་གིས་རྒྱལ་ཁབ་གྲོས་ཚོགས་གོང་མ་དང་འོག་མའི་གྲངས་ཀ་མང་པོ་ཐོབ་ཡོད་པ་ལས་ཐི་རོམ་ཕུ་ཚུད་པའི་ཁེ་ཕན་གྱི་འགན་ཟླའི་གནད་དོན་ལ་མཐོང་ཆེན་བྱས་མེད་པར་སྐྱོན་བརྗོད་བྱས་པ་རེད།
           ཞིབ་དཔྱོད་དཔོན་གཉིས་ཀ་དམངས་གཙོའི་ཏང་གི་མི་ཡིན་སྟབས། ཕོ་བྲང་དཀར་པོའི་གཏམ་བརྗོད་པ་སི་ཕའེ་སའེ་ཡིས་ཚེས་12ཉིན་གྱི་འཆར་ཅན་གསར་འགོད་པའི་ཚོགས་འདུའི་ཐོག"མཇུག་འབྲས་འདི་འདྲ་ཞིག་བྱུང་བ་ནི་ལས་སླ་མོ་ཞིག་སྟེ། ཏང་ཁག་ཆབ་སྲིད་ཀྱི་ཁྱད་པར་ནི་(ཞུ་གཏུག་)དམིགས་དོན་གཅིག་ཡིན་པ་རེད"ཅེས་ལན་བཏབ་པ་རེད། སི་ཕའེ་སའེ་ཡིས་སྔོན་དཔག་བྱས་ན། ཐི་རོམ་ཕུ་སྲིད་གཞུང་གིས་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་ལ་གྱོད་དོན་ཐོ་འགོད་བྱེད་པར་བཀག་འགོག་བྱེད་དགོས་པ་འདུག་ཅེས་བརྗོད་པ་རེད།
          ཉིན་དེར། སྤྱི་མཐུན་ཏང་རྒྱལ་ཡོངས་ཨུ་ལྷན་གྱི་གཏམ་བརྗོད་པ་ལིན་སའེ་•དབྱང་ཆའེ་ཁི་ཡིས་གསལ་བསྒྲགས་སྤེལ་ཏེ་སྲིད་འཛིན་ལ་དམིགས་པའི"ཁུངས་མེད་ལུང་མེད"ཀྱི་ཞུ་གཏུག་འདི་ལ་སྐྱོན་བརྗོད་བྱས་ཤིང་། དམངས་གཙོ་ཏང་གི་མི་ལ་སྲིད་འཛིན་ཐི་རོམ་ཕུ་ཡི་ལས་གནས་ཁྲིམས་འགལ་ཅན་དུ་གཏོང་བའི་རེ་ངན་མཚམས་འཇོག་དགོས་པའི་བླང་བྱ་བཏོན་པ་རེད། རྒྱལ་ཚོགས་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ལྷན་གྱི་ཁོངས་མི་དང་དམངས་གཙོའི་ཏང་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་མི་ཞི་ལཱ་•ལི་ཡིས་རྒྱལ་ཚོགས་ཀྱིས་ཐི་རོམ་ཕུ་དང་འབྲེལ་བ་ཡོད་པའི་ཁེ་ཕན་གྱི་འགན་ཟླར་བརྟག་དཔྱད་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།