འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅༎ཨ་ཧྥུ་ཀ་ནི་སི་ཐན་གྱི་དཔོན་རིགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་དུ་སྡོད་པའི་ཨ་རིའི་དམག་དཔུང་
    གི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་བྱུང་རྗེས་བྱིས་པ་གཉིས་བསད་ལུགས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་13ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཤར་ཕྱོགས་ཀྱི་ནན་སྒར་ཧར་(Nangarhar)ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཧུའུ་ཅི་ཡཱ་ནིས་ཟླ་6ཚེས་12ཉིན་བཤད་པ་ལྟར་ན། ཨ་ཧྥུ་ཀ་ནི་སི་ཐན་དུ་སྡོད་པའི་ཨ་རིའི་དམག་དཔུང་གི་རླངས་འཁོར་རུ་ཁག་ལ་ཉིན་དེར་ཞིང་ཆེན་དེ་གར་ས་འོག་འབར་མདེལ་གྱི་འཇབ་རྒོལ་བྱུང་རྗེས། ཨ་རིའི་དམག་དཔུང་གིས་བྱིས་པ་གཉིས་ལ་མེ་མདའ་བརྒྱབ་ནས་བསད་ལུགས་བརྗོད།
         ཧུའུ་ཅི་ཡཱ་ནིས་ཨ་ཧྥུ་ཀ་ནི་སི་ཐན་དུ་སྡོད་པའི་ཨ་རིའི་དམག་དཔུང་གི་རླངས་འཁོར་རུ་ཁག་ཉིན་དེའི་སྔ་དྲོར་ཇཱ་ཎི་ཞིས་ཨར་ས་ཁུལ་དུ་དྲག་ཆས་རུ་ཁག་གིས་སྦས་པའི་ས་འོག་འབར་འདེལ་གྱི་འཇབ་རྒོལ་བྱུང་བ་དང་། ཨ་རིའི་དམག་དཔུང་གིས་བྱིས་པ་གཉིས་ལ་མེ་མདས་བརྒྱབ་སྟེ་བསད་ཅིང་། བྱིས་པ་གཅིག་ནི་ལོ་8དང་གཅིག་ཤོས་ནི་ལོ་10ཡིན་པར་བཤད་པ་རེད།
         ཧུའུ་ཅི་ཡཱ་ནིས་ཨ་རིའི་དམག་ལ་རྨས་སྐྱོན་བྱུང་བའི་སྐོར་ཀྱི་གནས་ཚུལ་མ་བཤད་ཀྱང་། འབྲེལ་ཡོད་རྟགས་དཔྱད་བྱེད་བཞིན་ཡོད་ཟེར།
         ཨ་ཧྥུ་ཀ་ནི་སི་ཐན་དུ་སྡོད་པའི་ཨ་རིའི་དམག་དཔུང་གིས་གོང་གི་གནས་ཚུལ་ལ་གཞིགས་ནས་གསལ་བསྒྲགས་སྤེལ་བ་ལྟར་ན། ཨ་རི་དང་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་སྣའི་རླངས་འཁོར་རུ་ཁག་ལ་ནན་སྒར་ཧར་(Nangarhar)ཞིང་ཆེན་དུ་ལམ་འགྲམ་གྱི་གས་མདེལ་དང་མཚོན་ཆ་ཡང་བའི་མེ་ཤུགས་ཀྱི་འཇབ་རྒོལ་བྱུང་བ་དང་། རླངས་འཁོར་རུ་ཁག་གིས་དེ་མུར་རང་སྲུང་བྱས་པས་ཨ་རིའི་དམག་ཕྱོགས་ལ་རྨས་སྐྱོན་མ་བྱུང་། ད་སྔའི་བར་མང་ཚོགས་ཤི་རྨས་བྱུང་བའི་གནས་ཚུལ་ཅི་ཡང་མ་གོ་ཟེར།
         འདི་ནི་ཉེ་ཆར་ཨ་ཧྥུ་ཀ་ནི་སི་ཐན་དུ་བསྡད་པའི་ཨ་རིའི་དམག་དཔུང་ལ་ནན་སྒར་ཧར་(Nangarhar)ཞིང་ཆེན་དུ་འཇབ་རྒོལ་བྱུང་ཐེངས་གཉིས་པ་ཡིན་ལ། ཧུའུ་ཅི་ཡཱ་ནིས་ཟླ་6ཚེས་10ཉིན་གསར་འགོད་པར་བཤད་པ་ལྟར་ན།  ཨ་ཧྥུ་ཀ་ནི་སི་ཐན་གྱི་དམག་མི་ཞིག་གིས་ཞིང་ཆེན་འདིའི་ཨ་ཆིན་ས་ཁུལ་དུ་ཨ་ཧྥུ་ཀ་ནི་སི་ཐན་དུ་སྡོད་པའི་ཨ་རིའི་དམག་མི་2ལ་མེ་མདས་བརྒྱབ་ནས་བསད་པ་དང་།  མི་2ལ་རྨས་སྐྱོན་བྱུང་ལུགས་གླེང་ཞིང་། ཨ་རིའི་རྒྱལ་སྲུང་པུའུ་ཡིས་དེའི་རྗེས་སུ་ཨ་རིའི་དམག་མི་3ཉིན་དེར་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཤར་ཕྱོགས་སུ་གྲོངས་པ་དང་། དམག་མི་གཅིག་རྨས་ལུགས་ཡོངས་སུ་བསྒྲགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།