འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ཀྲུང་གོའི་འཕྲོད་བསྟེན་སྒྱུར་བཅོས་དང་འཕེལ་རྒྱས་སྐོར་གྱི"རྒྱབ་ཤ་ལྗང་
    ཁུའི་དེབ"ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་13ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་11ཉིན། ཀྲུང་གོའི་འཕྲོད་བསྟེན་སྒྱུར་བཅོས་དང་འཕེལ་རྒྱས་སྐོར་གྱི“རྒྱབ་ཤ་ལྗང་ཁུའི་དེབ”《ཀྲུང་གོའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྙན་ཞུ2016》ཞེས་པ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་དང་འགྲེམས་སྤེལ་བྱས་པ་རེད། སློབ་གསོ་པུའི་སྤྱི་ཚོགས་ཚན་རིག་འཕེལ་རྒྱས་རྣམ་གྲངས་ཡིན་པའི་ངོས་ནས། སྙན་ཞུ་དེ་རིགས་གཅིག་མཁས་ཅན་དང་། རིག་གཞུང་། བློ་འདྲིའི་གྲོས་འགོ་བཅས་ཀྱི་ལྟ་ཕྱོགས་ནས་རང་རྒྱལ་གྱི་སྨན་བཅོས་འགན་བཅོལ་མ་ལག་གི་ད་ལྟའི་གནས་བབ་དང་དེ་བཞིན་ཉེན་ཁ་དབྱེ་ཞིབ་བྱས་ཡོད། རིགས་གཅིག་མཁས་ཅན་གྱིས་སྔོན་དཔག་བྱས་པར། 2023ལོ་བར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ཐད་སྐབས་དེའི་ཡོང་འབབ་ཀྱིས་འགྲོ་སོང་གི་ཁ་མི་འཕྱིད་པའི་གནས་ཚུལ་ཐོན་སྲིད་པ་དང་། 2029ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཐད་ལའང་སྐབས་དེའི་ཡོང་འབབ་ཀྱིས་འགྲོ་སོང་གི་ཁ་མི་འཕྱིད་པའི་གནས་ཚུལ་ཐོན་སྲིད་ཀྱི་ཡོད།
         སྙན་ཞུའི་ནང་མིག་སྔར་རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཚད་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་བ་དང་། 2015ལོའི་ལོ་མཇུག་བར་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་13ལྷག་ཙམ་ཟིན་ནས་རྒྱལ་ཡོངས་མི་འབོར་གྱི་96.5%བར་ཁྱབ་པ་དང་། འགན་སྲུང་ཁྱབ་ཁོངས་དང་ཁ་གསབ་ཀྱི་བསྡུར་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བ་དང་ཁ་གསབ་ཀྱི་བསྡུར་ཚད་ཐོག་མའི་20%ཙམ་ནས་ད་ཆའི་50%ཙམ་བར་འཕར་བ། གྲོང་མིའི་སྨན་བཅོས་བྱེད་པའི་དཔལ་འབྱོར་གྱི་ཁུར་པོ་རིམ་བཞིན་ཡང་དུ་སོང་ནས་2015ལོར་མི་སྒེར་གྱི་འཕྲོད་བསྟེན་གཏོང་སྒོས་འཕྲོད་བསྟེན་གྱི་སྤྱིའི་འགྲོ་གྲོན་གྱི་བསྡུར་ཚད་བཟུང་ཚད་2014ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་1.43ཆག་ཡོད་ལུགས་འཁོད་ཡོད།
         དེ་དང་ཆབས་ཅིག་སྙན་ཞུ་དེའི་ནང་མིག་སྔའི་རང་རྒྱལ་གྱི་སྨན་བཅོས་འགན་བཅོལ་མ་ལག་གི་གནད་དོན་གཙོ་བོར་དབྱེ་ཞིབ་བྱས་པའི་ནང་སྨན་བཅོས་མ་ལག་ཐད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལམ་ལུགས་ལོགས་སུ་འཛུགས་པ་དང་། དོ་དམ་ལོགས་སུ་དབྱེ་བ། ཐོན་ཁུངས་ཁ་འགྲེམས་པ་བཅས་ཀྱི་སྣང་ཚུལ་ཐོན་ནས་དྲང་གཞག་དང་ལས་ཕྱོད་ལ་ཤུགས་རྐྱེན་ཐེབས་པ་དང་། རྒྱལ་དམངས་དཔལ་འབྱོར་འཕར་འགོར་དུ་འགྲོ་བ་དང་སྦྲགས། ལས་བཟོའི་གླ་ཕོགས་འཕར་ཚད་ཀྱང་འགོར་དུ་ཕྱིན་ནས་ལས་བཟོའི་སྨན་བཅོས་འགན་བཅོལ་ཐད་གནོན་ཤུགས་ཆེན་པོ་འཕྲད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ཐད་ནོར་སྲིད་ལ་བརྟེན་དྲགས་ནས་འཁོར་རྒྱུག་གི་ཉེན་ཁ་ཚབས་ཆེར་འགྲོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་གཞི་ཚབས་ཆེན་ལ་འགན་བཅོལ་བྱེད་ཚད་དོ་སྙོམས་མ་བྱུང་བའི་རྐྱེན་གྱིས་འགན་བཅོལ་གྱི་ཕན་འབྲས་ཐོན་རྒྱུར་ཤུགས་རྐྱེན་ཐེབས་པ་སོགས་ཚུད་ཡོད།
         སྨན་བཅོས་འགན་བཅོལ་ཐེབས་རྩ་འཁོར་རྒྱུག་གི་ཉེན་ཁའི་སྐོར་ལ་རིགས་གཅིག་མཁས་ཅན་གྱིས་རྒྱལ་ཡོངས་དང་དེ་བཞིན་གཙོ་གནད་ས་ཁུལ་གྱི་ལོ་རིམ་བྱུང་གི་སྨན་བཅོས་འགན་བཅོལ་གྱི་གྲངས་གཞིར་དབྱེ་ཞིབ་བྱེད་པའི་རྨང་གཞིའི་ཐོག་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་འཁོར་རྒྱུག་གི་ཉེན་ཁར་སྔོན་བརྡ་བཏང་ཡོད། རིགས་གཅིག་མཁས་ཅན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཡོང་འབབ་འཕར་ཚད་10%ཙམ་གྱི་འཕར་ཚད་འབྲིང་བའི་དུས་སུ་སླེབས་པ་དང་། སྨན་བཅོས་འགྲོ་སོང་འཕར་བ་དང་མི་འབོར་ན་རྒས་ཅན་དུ་འགྱུར་ཚད་མགྱོགས་སུ་སོང་བ་དང་སྦྲགས། 2000ལོ་ནས་2015ལོ་བར་གྱི་ཡོང་འབབ་ལོ་རེར་ཆ་སྙོམས་འཕར་ཚད་19.75%ཟིན་པ་དང་གཏོང་སྒོ་ལོ་རེར་ཆ་སྙོམས་འཕར་ཚད་21.43%གཞིར་བཟུང་རྩིས་བརྒྱབ་ན། 2029ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩར་སྐབས་དེའི་ཡོང་འབབ་ཀྱིས་འགྲོ་སོང་ཁ་མི་འཕྱིད་པའི་སྣང་ཚུལ་ཐོན་སྲིད་པ་དང་། 2034ལོར་སླེབས་སྐབས་ཐེབས་རྩའི་ལྷག་འཕྲོ་མེད་པའི་གནས་ཚུལ་ཐོན་སྲིད་པའི་ངོས་འཛིན་བྱས་ཡོད།
         གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་གཞི་ཚབས་ཆེན་གྱི་འགན་བཅོལ་སྐོར་ལ་སྙན་ཞུའི་ནང་ནད་གཞི་ཚབས་ཆེན་འགན་བཅོལ་ཐེབས་རྩ་ཐོག་མར་བསྡུ་བའི་ཚད་གཞི་ཅུང་དམའ་བ་དང་ཐེབས་རྩ་དེ་འགྲོ་སོང་ཆུང་བའི་ནད་པས“འཛད་སྤྱོད”བྱེད་པ་དང་། འགྲོ་སོང་མཐོ་བའི་ནད་པར་ལུགས་མཐུན་གྱི་དཀར་ཆག་ཁྱབ་ཁོངས་དང་སྨན་རིན་མཐོ་ཤོས་ཀྱི་ཚད་གཞི་སོགས་ཆ་རྐྱེན་གྱི་ཚོད་འཛིན་ཕོག་ནས་འགན་ལེན་བྱེད་ཤུགས་ཚད་གཞི་ཡོད་པ་དང་། མིག་སྔར་ནད་གཞི་ཚབས་ཆེན་གྱི་འགན་བཅོལ་ཕན་པ་ཐོབ་པའི་ནད་པ་90%ཙམ་མི་སྒེར་གྱིས་འགྲོ་སོང་གཏོང་ཚད་ཁྲི་1.5ལས་ཉུང་བའི་མི་ཚོགས་ནང་གཅིག་སྡུད་བྱས་ཡོད་ཅེས་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།