འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ནུབ་རྒྱུད་གྲོང་ཚོ་ཞིག་གིས་ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར་བྱ་ཐབས་འཚོལ་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་13ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལྷོག་ལྷོག་ཏུ་འཕྱུར་བའི་དུ་བའི་ཁྲོད་ནས་ཁྲ་ཧྲན་གྲོང་ཚོའི་ཉིན་གཅིག་གི་ལས་ཀའི་འགོ་བརྩམས་འགོ་ཚུགས། དབྱར་ཁ་ཤར་ཚུན། ཞོགས་པ་ནམ་མ་ལངས་གོང་ནས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དབྱང་ཀྲི་ཁུའེ་ཡི་ནང་མི་ཚང་མ་ལས་ལ་བྲེལ་བཞིན་མཆིས།
         ཀོང་ཤིས་ཧྥུའུ་ཁྲོན་ཡའོ་རིགས་རང་སྐྱོང་རྫོང་ཁྲའོ་ཏུང་གྲོང་རྡལ་ཁྲ་ཧྲན་གྲོང་ཚོ་དེ་ཀོང་ཤིས་དང་ཧུའུ་ནན་འབྲེལ་མཚམས་སུ་གནས་པ་དང་། ཆིང་རྒྱལ་རབས་དང་ཧན་རྒྱལ་རབས་སྐབས་སུ་ཀྲུང་ཡོན་ས་ཁུལ་ནས་རི་བོ་ཝུའུ་ལིང་གི་ལྷོ་རྒྱུད་དུ་བསྐྱོད་པའི་ལམ་གལ་ཆེན་ཞིག་ཡིན། གནའ་ལམ་ཤའོ་ཧེ་དེ་གྲོང་ཚོ་བརྒྱུད་ནས་འགྲོ་དགོས་པ་དང་དེ་ནི་མཚོ་ཐོག་གི་དར་གོས་ལམ་བུ་དང་སྦྲེལ་མཐུད་ཀྱི་བགྲོད་ལམ་གལ་ཆེན་ཞིག་རེད།
         འགྲིམ་འགྲུལ་སྟབས་བདེ་ཡོད་པའི་དབང་གིས་ཁྲ་ཧྲན་གྲོང་ཚོ་དེ་ཉིད་སྐབས་ཤིག་རིང་སྐད་གྲགས་ཆོད་པའི་ཚོང་དོན་གྲོང་ཚོ་ཞིག་ཏུ་གྱུར་ཡོད། འོན་ཀྱང་། དུས་ཀྱི་འཕོ་འགྱུར་དབང་གིས་གནའ་ལམ་དེའང་རིམ་བཞིན་ཁུ་སིམ་མེར་གྱུར་ལ་ཁྲ་ཧྲན་གྲོང་ཚོ་དེ་ཉིད་ཀྱང་མི་རྣམས་ཀྱི་དྲན་པའི་ཡོལ་བའི་ངོས་ལས་རིམ་བཞིན་ཡལ། བསྡོམས་རྩིས་ལས་མངོན་པ་ལྟར་ན། གྲོང་ཚོ་དེ་ཡོངས་ཀྱི་ཡུལ་མིའི་དུད་ཚང་224ཡི་ཁྲོད་ནས་དུད་ཚང་100ནི་དུད་ཚང་དབུལ་པོ་ཡིན་པ་དང་དབུལ་པོར་གྱུར་ཚད་40%ཙམ་ཟིན་ཡོད།
         “སྔོན་མ་གྲོང་ཚོའི་ནང་ས་ཞིང་རྨོ་ཆེད་དུ་རྨོན་མཛོ་མང་པོ་གསོས་ནས་རྡོ་ལེབ་སྲང་ལམ་གྱི་གང་སར་ལྕི་བས་ཁེངས་ཏེ་ཆར་པ་བབས་སྐབས་གོམ་པ་སྤོ་ས་མེད་པར་གྱུར་གྱི་ཡོད། དེར་བརྟེན་མི་ཚོས་དེ་གར‘ལྕི་བའི་ལམ’ཞེས་འབོད་ཀྱི་ཡོད”ཅེས་སྔོན་ཆད་ཁྲ་ཧྲན་གྲོང་ཚོར་རུ་ཁག་ཏུ་ཞུགས་པའི་གཞོན་ནུ་ཤེས་ཡོན་ཅན་ཁྲེན་ལུའུ་ཧྲ་ཡིས་བརྗོད།
        ཧྥུའུ་ཁྲོན་རྫོང་དུ་བཅར་འདྲི་བྱེད་རིང་གསར་འགོད་པས་རྨོན་མཛོ་ཉར་བའི་གྲོང་ཚོ་ནི་གྲོང་ཚོ་དབུལ་པོ་ཡིན་པ་དང་ཁྱིམ་ལ་ཤེལ་སྒོའི་སྒེའུ་ཁུང་མེད་པའི་ཞིང་དུད་ཕལ་ཆེ་བ་ནི་དུད་ཚང་དབུལ་པོ་ཡིན་པ་ཤེས་རྟོགས་བྱུང་།
        ཁྲའོ་ཏུང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཤིས་ཆོན་གྱིས་མཚན་མོར་ཁྲ་ཧྲན་གྲོང་ཚོར་བརྟག་དཔྱད་ལ་བསྐྱོད་ཐེངས་དང་པོའི་རྣམ་པ་དེ་ད་བར་བརྗེད་མི་སྲིད་པ་ཞིག་ཡིན་པ་ནི། “སྤྱིར་ན་གྲོང་ཚོར་མི་སྡོད་མཁན་མེད་ཅིང་། ལམ་ཧྲིལ་པོར་རྒན་རྒོན་གཉིས་ལས་སྡོད་མཁན་མེད་པ་དང་། ལམ་གྱི་གཡས་གཡོན་ཚང་མར་གློག་མེད་པར་ནག་ཧུ་རེར་ཞེད་སྣང་ཚ་པོ་ཡོད་པ”དེ་རེད།
        འོན་ཀྱང་ས་གནས་སྲིད་གཞུང་གིས་དོ་སྣང་བྱེད་སའང་ལམ་རྙིང་པ་དང་ཁང་པ་རྙིང་པ་དེ་དག་རེད། “ཁྲའོ་ཏུང་གྲོང་རྡལ་གྱི་གནའ་ལམ་ཤའོ་ཧེ་ལམ་རྒྱུད་དུ་གནའ་བོའི་གྲོང་ཚོ་ཁག་གཅིག་ཡོད་པ་དེ་ནི་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཐོན་ཁུངས་བཟང་པོ་ཞིག་རེད”ཅེས་ཝང་ཤིས་ཆོན་གྱིས་བརྗོད།
        2016ལོའི་ཟླ་6ཚེས་13ཉིན་དབྱང་ཀྲི་ཁུའེ་ཡི་བཟའ་ཟླ་དང་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་དྲུག་གིས་མཉམ་དུ་གྲོ་ཟས་ཁང་བཙུགས་ནས་ལས་གཉེར་བྱེད་འགོ་ཚུགས་པ་དང་གཙོ་བོ་གྲོ་ཟས་དང་ཚི་སྤགས་འཚོང་གི་ཡོད་པས་དེ་ནི་ཉེ་བའི་ལོ་བཅུ་གྲངས་རིང་ཁྲ་ཧྲན་གྲོང་ཚོའི་ཡུལ་སྐོར་བཟའ་བཏུང་གི་སྒྲིག་ཆས་ཨང་དང་པོ་དེ་རེད།
        “བསམ་ཡུལ་ལས་འདས་པ་ཞིག་ལ་ལས་གཉེར་བྱེད་འགོ་ཚུགས་རྗེས་འགྲུལ་པ་ཡོང་མཁན་མེད་པར་ཚི་སྤགས་ཚང་མ་འཚོང་མ་ཐུབ་པའི་ཁར་དུས་ཡུན་རིང་པོ་ཉར་ཚགས་བྱེད་ཐབས་བྲལ་བས་གཉེན་ཉེ་དང་གྲོགས་པོར་སྤྲོད་རྒྱུ་ལས་མ་འདས། སྐབས་རེ་ཉིན་གཅིག་ནང་སྒོར་400ནས་སྒོར་500བར་གྱོང་གུན་ཕོག་གི་འདུག”ཅེས་དབྱང་ཀྲི་ཁུའེ་ཡིས་སྐབས་དེའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་བློ་སེམས་མི་བདེ་བའི་ཚོར་སྣང་དེ་ད་དུང་བརྗེད་པར་དཀའ་བ་ཞིག་རེད།
         སེམས་ནང་དངངས་འཚབ་བྱུང་མཁན་ནི་དབྱང་ཀྲི་ཁུའེ་གཅིག་པུ་མིན། “དུད་ཚང་དབུལ་པོ་ཚང་མས་སྐོམ་པ་ཆུ་འདོད་ལྟར་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཀྱང་ཉེན་ཁར་སྐྲག་གི་ཡོད། གལ་སྲིད་གྲོ་ཟས་ཁང་དེ་རྐུབ་རྡིབ་ཚེ་རྣམ་གྲངས་གཞན་གཉེར་ཡང་ཚང་མར་དེ་བས་སེམས་ཤུགས་མེད་པར་གྱུར་སྲིད། སྐབས་དེ་དུས་ང་ཚོར་བྱུང་བའི་གནོན་ཤུགས་ནི་བསམ་ཡུལ་ལས་འདས་པ་ཞིག་རེད”ཅེས་ཝང་ཤིས་ཆོན་གྱིས་བརྗོད།
         གནའ་གཏམ་དུ“ཉ་སྟེར་བ་ལས་ཉ་འཛིན་སྟངས་བསླབ་ན་དགའ”ཞེས་པ་ལྟར་ཝང་ཤིས་ཆོན་གྱིས་ཁྲ་ཧྲན་གྲོང་ཚོར་དྲ་སྦྲེལ་ཞིག་བཙུགས་ཏེ་ཁྲ་ཧྲན་འདི་ཉིད་རྫོང་ཡོངས་ནས་ཚོང་ལས་རིམ་པའི་རིན་མེད་WIFIཁྱབ་པའི་གནའ་བོའི་གྲོང་ཚོ་ཨང་དང་པོར་གཏོད་ཁར་སྐད་འཕྲིན་སྤྱི་རྟགས་ཀྱང་གཏོད་རྒྱུའི་ཐག་བཅད་པ་རེད།
         སྨྱན་སྦྱོར་གསར་པའི་བརྒྱུད་སྤེལ་དང་སྲོལ་རྒྱུན་སྨྱན་སྦྱོར་གྱི་དོ་ཁུར་ལ་བརྟེན་ནས་ཁྲ་ཧྲན་གྲོང་ཚོ་འདི་ཉིད་གང་མྱུར་སྐད་གྲགས་ཆོད་དེ། དུས་ཆེན་དང་གུང་གསེང་འཆར་རིམ་བཞིན་གྲོང་ཚོའི་མདའ་རུ་ཀོང་ཤིས་དང་། ཧུའུ་ནན། ཀོང་ཏུང་སོགས་ཀྱི་འཁོར་བྱང་བསྒར་བའི་ཡུལ་སྐོར་བའི་རླངས་འཁོར་གྱིས་ཁེངས་པ་དང་ཐ་ན་གྲོང་ཚོའི་ལམ་རྒྱུད་ནས་ཉེ་འགྲམ་གྱི་གྲོང་ཚོ་བར་རླངས་འཁོར་གྱིས་ཁེངས་ཀྱི་ཡོད།
        “ང་ཚོའི་ལུང་པར་ཡང་ཚི་སྤགས་ཡོད། འོན་ཀྱང་བྲོ་བ་གཅིག་པ་མ་རེད། འདི་གའི་ཚི་སྤགས་ཧ་ཅང་ཞིམ་པོ་འདུག ཏོག་ཙམ་ཉོས་ནས་ཁྱིམ་དུ་འཁྱེར་འདོད་འདུག”ཅེས་ཧུའུ་ནན་ནས་ཡོང་བའི་ཡུལ་སྐོར་བ་ཞིག་གིས་ཚི་སྤགས་50ཉོས་ནས་འཁུར། ཡུལ་སྐོར་བ་མང་བའི་རྐྱེན་གྱིས་ཁྲ་ཧྲན་གྲོང་ཚོའི་ཚི་སྤགས་རྟག་ཏུ་དཀོན་པོ་ཡོད་པས་སྔོན་ཚུད་ནས་མངགས་ཉོ་བྱེད་དགོས་ཀྱི་ཡོད།
        2016ལོའི་ལོ་སྨད་དུ་ཁྲ་ཧྲན་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་7ལས་བརྒལ་བར་སྣེ་ལེན་ཞུས་ཡོད། སྔོན་ཆད་འབུད་ཤིང་དང་རྩྭ་ངན་སྤུངས་པའི་ཁང་པ་གོག་ཧྲུལ་དག་ཉམས་བཟོ་བྱས་པ་བརྒྱུད་ད་ཆ་གྲོ་ཟས་ཁང་དང་། ཞིང་པའི་སྤྲོ་སྐྱིད་ཁང་། ལ་ཕིང་ཟ་ཁང་སོགས་སུ་གྱུར་ཡོད།
        ཁྲ་ཧྲན་གྲོང་ཚོར་ཡུལ་སྐོར་བས་ད་དུང་རིན་མེད་ཐོག་དམངས་སྲོལ་གྱི་མྱོང་རོལ་ཁང་དང་། གནའ་ལམ་ཤའོ་ཧེ་རིག་གནས་འགྲེམས་ཁང་། གཞོན་ནུ་ཤེས་ཡོན་ཅན་གྱི་འགྲེམས་ཁང་། ཁྲ་ཧྲན་རྟེན་རྫས་བཤམས་མཛོད་ཁང་སོགས་ལ་ལྟ་སྐོར་བྱེད་ཆོག ལྔ་པའི་ཚེས་ལྔའི་དུས་ཆེན་རིང་ཡུལ་སྐོར་བ་རིན་མེད་ངང་ངལ་གསོ་བའི་དེབ་ཁང་ཡང་བསྐྲུན་ཟིན་ནས་སྒོ་ཕྱེ་ཡོད། “ང་ཚོས་བཀྲག་མདངས་འཚེར་ས་གསར་པ་ཟམ་མི་ཆད་པར་བཏོད་དེ་ཡུལ་སྐོར་བ་དེ་གར་ཡོང་རིམ་བཞིན་མྱོང་རོལ་གསར་པ་ཡོང་བ་བྱེད་ཀྱི་ཡིན”ཞེས་ཝང་ཤིས་ཆོན་གྱིས་བརྗོད།
        ས་སྲོས་ཀྱི་དུས་སུ་ཡུལ་སྐོར་བ་རིམ་པས་ཁ་ཐོར་ཏེ་གནའ་ལམ་གྱི་གྲོང་ཚོ་དེ་ཁུ་སིམ་པོར་གྱུར། འོན་ཀྱང་ཡུལ་མི་ཚོ་ངལ་གསོ་ཁོམ་མེད་པར་ཚོང་ཁང་ལ་གཙང་སྦྲ་བྱེད་པ་དང་ཉིན་གཉིས་པའི་བཟའ་བཅའ་གྲ་སྒྲིག་བྱེད་དགོས་ཀྱི་ཡོད། ཡུད་ཙམ་ལས་མ་སོང་བར་བ་དམ་དང་ཏིལ་གྱི་དྲི་ཞིམ་དེ་རྡོ་ལེབ་སྲང་ལམ་གྱི་གང་སར་འཐུལ་འགོ་ཚུགས།
      

    ཕྱོགས་བསྡུས་གསར་འགྱུར།