འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅༎ཀུ་ཐེ་ལེ་སིས་རྒྱལ་ཁབ་ཁག་གིས་ཆུའི་ཐོན་ཁུངས་འདྲ་མཉམ་དང་རྒྱུན་མཐུད་ངང་སྤྱོད་རྒྱུར་སྐུལ་
    འདེད་གཏོང་དགོས་བར་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་13ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་6ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཚོགས་པའི་སྔོན་འགོག་རང་བཞིན་གྱི་ཕྱི་འབྲེལ་དང་རྒྱལ་མཚམས་སྒྲོལ་བའི་ཆུའི་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་ཁག་གིས་མཉམ་ལས་ཟབ་ཏུ་བཏང་ནས་ཆུའི་ཐོན་ཁུངས་འདྲ་མཉམ་དང་རྒྱུན་མཐུད་ངང་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
         ཀུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ནང་ཁྱིམ་མཚེས་རྒྱལ་ཁབ་བཞི་ཆ་གསུམ་གྱིས་གཙང་པོ་དང་མཚེའུའི་གཤོངས་ས་མཉམ་སྤྱོད་བྱེད་ཀྱི་ཡོད། རྒྱལ་ཁབ་ཁག་གིས་རྒྱལ་མཚམས་སྒྲོལ་བའི་ཆུ་ཁོངས་གནད་དོན་ཐད་མཉམ་ལས་བྱ་རྒྱུ་དགོས་གལ་ཆེན་པོ་ཡོད་ཅེས་གསུངས་པ་རེད།
         ཀུ་ཐེ་ལེ་སིས་ཆུའི་ཐོན་ཁུངས་ནི་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འགྱུར་སྐུལ་རྫས་ཆ་ལྟ་བུ་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད། ཆུ་ཁོངས་ཀྱིས་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་གྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྣམ་ཀུན་ནས་སྔོན་འགོག་རང་བཞིན་གྱི་ཕྱི་འབྲེལ་བྱེད་ཐབས་སྤེལ་རྒྱུའི་གྲ་སྒྲིག་བྱས་ཏེ་རང་བྱུང་ཐོན་ཁུངས་དང་ཕྱོགས་གཞན་ཐད་ཀྱི་སྐད་ཆ་ཤོད་རེས་དང་འདུམ་འགྲིག་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
         ད་དུང་ཀུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཆུ་དོན་གྱི་རིམ་པ་མཐོ་བའི་ཚོགས་ཆུང་གིས་ན་ནིང་བྱ་སྤྱོད་འཆར་གཞི་ཞིག་གཏན་འབེབས་བྱས་ནས་ཕྱོགས་ཡོངས་དང་། བསྟུན་མཁས། མཉམ་ལས་བཅས་ཀྱི་རྣམ་པའི་ཐོག་ནས་ཆུའི་ཐོན་ཁུངས་གསར་སྤེལ་དང་དོ་དམ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད་ཅེས་གསུངས་པ་རེད།
          མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ལི་ཅེ་དབྱིས་དེ་ཉིན་གཏམ་བཤད་སྤེལ་སྐབས་རྒྱལ་མཚམས་སྒྲོལ་བའི་ཆུའི་ཐོན་ཁུངས་དེ་ཉིད་འབྲེལ་ཡོད་ཆུ་ཁོངས་ཀྱི་རྒྱལ་ཁབ་བམ་ཡང་ན་ཆུ་རྒྱུག་ཁུལ་གྱི་སྟོད་རྒྱུད་དང་སྨད་རྒྱུད་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་འབྲེལ་བ་ཡོད། རྒྱལ་མཚམས་སྒྲོལ་བའི་ཆུའི་ཐོན་ཁུངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་སྣོད་བཅུད་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་ཤིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་འབད་བརྩོན་བྱས་ནས་ཆུའི་ཐོན་ཁུངས་རྒྱུན་མཐུད་གསར་སྤེལ་དང་བེད་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་རྒྱལ་མཚམས་སྒྲོལ་བའི་ཆུ་བོ་ཉིད་མཉམ་ལས་ཀྱི་ཆུ་བོ་དང་ཞི་བདེའི་ཆུ་བོར་འགྱུར་བ་བྱས་ནས་མིའི་རིགས་ཀྱི་སྤྱི་ཚོགས་དར་རྒྱས་ཡོང་ཕྱིར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།