འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅༎"རྒྱུད་གཅིག་ལམ་གཅིག"ལས་བོད་རུམ་འཐག་ལས་ལ་གོ་སྐབས་བཟང་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་13ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         གོ་སྐབས་མཉམ་སྤྱོད།
         ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་བོད་རུམ་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། "རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་དེས་མཉམ་ལས་ཀྱི་གོ་སྐབས་རིམ་བཞིན་མངོན་འགྱུར་ཐུབ་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་ལག་ཤེས་བཟོ་ལས་དེས་གོ་སྐབས་དེ་དང་བསྟུན་ཏེ་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་ཆེར་བཏོད་ཡོད།
         ཚེས་6ཉིན། 2017ལོའི་ཀྲུང་གོ་(མཚོ་སྔོན་)བོད་རུམ་རྒྱལ་སྤྱིའི་འགྲེམས་སྟོན་ཐོག་རྒྱ་སྐད་བདེ་པོ་ཤོད་ཤེས་མཁན་དབྱི་རན་གྱི་ཚོང་པ་ཝུན་ཅུན་གྱིས་གསར་འགོད་པར"ཀྲུང་གོའི་ཁྱད་ཆོས་ལྡན་པའི"ལག་ཤེས་བཟོ་རྩལ་གྱི་ས་གདན་སྟོན་པ་དང་། ཀྲུང་གོའི་ཁྲོམ་ར་དང་སྦྲེལ་མཐུད་ཟམ་མི་ཆད་པ་ཡོང་ཆེད། ཁོང་ཚོའི་ཀུང་སིས་ད་དུང་ཀྲུང་གོར་དྲ་ཐོག་ཚོང་ཁང་2དང་བརྒྱུད་ཚོང་ཁང་7བཙུགས་ཡོད་པ་རེད།
         ཝུན་ཅུན་དང་འདྲ་བར"རྒྱུད་གཅིག་ལམ་གཅིག"གི་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱེད་མཁན་གྱི་ཚོང་པ་ད་དུང་མང་པོ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བོད་རུམ་འགྲེམས་སྟོན་ལ་རྒྱལ་ནང་གི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་29དང་། དེ་བཞིན་ཕ་ཁི་སི་ཐན་དང་། རྒྱ་གར། དབྱི་རན་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་ཁེ་ལས་23འགྲེམས་སྟོན་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་རེད།
         ལོ་2000ལྷག་གི་སྔོན་ལ། མཚོ་བོད་མཐོ་སྒང་ནས་དར་བའི་ཁྱད་ལྡན་མི་རིགས་ལག་ཤེས་བཟོ་རྩལ་ཐོན་ཟོག་བོད་རུམ་དེ་ཐང་བོད་གནའ་ལམ་གྱི་དར་གོས་ལམ་བུའི་རྒྱུད་ཀྱི་རྒྱལ་ཁབ་བརྒྱུད་ནས་ཁྱབ་སྤེལ་བྱུང་བ་དང་། དེ་ནི་དར་གོས་ལམ་བུའི་ཉོ་ཚོང་གི་ཚོང་ཟོག་གལ་ཆེན་གྲས་ཤིག་རེད།
         "ད་ཆ་རང་དགར་པར་གཅིག་བརྒྱབ་ཏེ་ཇུས་འགོད་ལས་སྣོན་བྱས་རྗེས་སྤུས་ཀ་ལེགས་ལ་སྙིང་རྗེ་བའི་ས་གདན་ཞིག་གྲུབ་པ་དང་། མངགས་ཉོ་ཅན་གྱི་ཞབས་ཞུ་ལས་ང་ཚོར་ཕྱི་རྒྱལ་གྱི་མཐོ་རིམ་ཚོང་ཤག་མང་པོ་བཀུག་ཡོད"ཅེས་མཚོ་སྔོན་ཧྲེང་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཤོལ་ཐིང་གིས་བཤད།
         "'རྒྱུད་གཅིག་ལམ་གཅིག'གི་གྲོས་འགོ་བཏོན་པ་ལས་རྒྱལ་ཁབ་དེ་བས་མང་བའི་མོས་པ་ཐོབ་པ་དང་། ལམ་རྒྱུད་ཉོ་ཚོང་ཁྲོད་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་རུམ་གྱི་ཚོང་ཇེ་ཡག་ཏུ་སོང་ནས་ཐོན་འཕར་གྱི་སྒུལ་ནུས་ཤུགས་ཆེན་མངོན་ཡོད"ཅེས་དབྱི་རན་རྒྱལ་ཁབ་ས་གདན་ལྟེ་གནས་ཀྱི་ཀྲུའུ་ཞི་ཁཱ་ཀར་གྱིས་བཤད།
         གསར་གཏོད་གཞན་སྒྱུར།
         མཚོ་བོད་མཐོ་སྒང་ནས་དར་བའི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་བོད་རུམ་གྱི་རྒྱུ་ནི་བལ་ཡིན་ཞིང་། རྩི་ཤིང་གི་ཚོས་རྒྱག་པ་དང་། ལག་པས་བལ་འཁེལ་བ། ཞིབ་ཚགས་པོས་འཐག་པ་བཅས་བྱེད་ཀྱི་ཡོད། སྔོན་ཆད་བཟོ་སྐྲུན་གྱི་བརྒྱུད་རིམ་མང་བ་དང་ལས་ཡུན་རིང་བ་མ་ཟད། རྒྱལ་ནང་ཁྲོམ་རར་དགོས་མཁོ་ཆུང་བ་དང་ངལ་ནུས་དང་སྐྱེལ་འདྲེན་མ་གནས་མཐོ་རུ་ཕྱིན་པའི་དབང་གིས་བོད་རུམ་ལ་སྐབས་ཤིག་རིང་འཕེལ་རྒྱས་ཀྱི་འཇུར་མིག་འཕྲད། "'རྒྱུད་གཅིག་ལམ་གཅིག'འཛུགས་སྐྲུན་ལས་བོད་རུམ་ཐོན་ལས་ལ་འཕེལ་རྒྱས་ཀྱི་བསམ་བློ་གསར་པ་དང་བགྲོད་ལམ་གསར་པ་མཁོ་འདོན་བྱས་ཡོད"ཅེས་ཀྲུང་གོ་བོད་རུམ་མཐུན་ཚོགས་ཀྱི་དབང་ཅིན་ཕིང་གིས་བཤད།
         "དབྱི་སི་ལམ་དང་ཡོ་རོབ་སོགས་ཀྱི་ས་གདན་ལག་རྩལ་དང་རིག་གནས་ལ་སློབ་སྦྱོང་བྱས་པ་བརྒྱུད་ང་ཚོས་བོད་རུམ་གྱི་རི་མོ་དང་། ལག་རྩལ། བཟོ་རྩལ་བཅས་རིམ་སྤོར་བརྗེ་སྒྱུར་ལ་སྐུལ་སྤེལ་ཟམ་མི་ཆད་པར་བཏང་སྟེ། བོད་རུམ་གྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཡོད"ཅེས་མཚོ་སྔོན་བོད་ལུག་ས་གདན་ཚོགས་པའི་ཏུང་ཧྲི་ཀྲང་མཱ་ཤིན་མིན་གྱིས་བཤད།
         མིག་སྔར། མཚོ་སྔོན་བོད་ལུག་ཁ་གདན་གྱི་ཕྱིར་ཚོང་དྲ་བ་རྒྱལ་ནང་གི་གྲོང་ཁྱེར་ཆེ་འབྲིང་གཙོ་བོར་ཁྱབ་པ་མ་ཟད། "རྒྱུད་གཅིག་ལམ་གཅིག"ལམ་རྒྱུད་ཀྱི་རྒྱལ་ཁབ་ཏུ་དྲ་ཕྱིའི་མྱོང་རོལ་ཁང་10བཙུགས་ཡོད་པ་རེད།
         ཁེ་ལས་གཉེར་སྐྱོང་མཁན་དེ་བས་མང་བས་བོད་རུམ་ལ་ལྡན་པའི་ཚོང་དོན་གོ་སྐབས་མཐོང་ནས། ཧོ་པེ་དང་། ཧྲན་ཏུང་། ཅང་སུའུ་སོགས་ས་ཁུལ་གྱི་ས་གདན་ཁེ་ལས་ཀྱང་བོད་རུམ་ཞིབ་བཟོ་དང་ཐོན་སྐྱེད་ནང་ཞུགས་པས་འཕྲུལ་འཐག་བོད་རུམ་འབོར་ཆེན་ཐོན།
         "འཕྲུལ་འཐག་བོད་རུམ་གྱི་རིན་གོང་ལག་ཤེས་བཟོ་རྩལ་གྱི་བོད་རུམ་ལས་ཧ་ཅང་གིས་དམའ་བ་མ་ཟད། སྤྱི་པའི་འདུ་ར་དང་སྒྲིག་གཞིའི་ནང་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་དེ་ཡང་མ་འོངས་པར་ང་ཚོར་འཕྲད་པའི་རྒྱལ་སྤྱིའི་ཁྲོམ་རའི་འགྲན་རྩོད་རེད། འདི་ལོའི་ཟླ་9པར་ཐོན་ནུས་སྨི་ངོས་གྲུ་ཁྲི་150ཟིན་པའི་འཕྲུལ་འཐག་བོད་རུམ་ལས་གྲྭ་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་ཡིན་པས་འབྱུང་འགྱུར་དུ་60%ནས་70%བར་གྱི་ཐོན་ཟོག'རྒྱུད་གཅིག་ལམ་གཅིག'རྒྱུད་ཀྱི་རྒྱལ་ཁབ་ལ་འཚོང་རྩིས་ཡོད"ཅེས་བོད་ལུག་རྒྱལ་སྤྱིའི་ས་གདན་རྟེན་གཞི་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲེ་ཀྲང་ཧན་ཆང་གིས་བརྗོད།
         གཏིང་ཤུགས་མངོན་པ།
         "རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས། མཚོ་བོད་ས་མཐོའི་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་ཡང་ཕྱི་ཕྱོགས་ཉོ་ཚོང་གི་རྒྱབ་ཕྱོགས་ནས་མདུན་གྲལ་དུ་བསྐྱོད་པ་རེད།
         2016ལོའི་ཟླ་9པར། མཚོ་བོད་ས་མཐོའི་ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཐེངས་དང་པོ་དེ་ཟི་ལིང་ནས་ཐོན་པ་དང་། མེ་འཁོར་དེར་དོས་སྒམ་ཚད་ལྡན་44ཡོད་པ་ལས་40ནང་དུ་ཁྱོན་སྨི་ངོས་གྲུ་ཁྲི་20ཡོད་པའི་འཕྲུལ་འཐག་བོད་རུམ་བླུགས་ཡོད་པ་དེ་དག་ཐད་ཀར་ཡོ་རུབ་ཏུ་བསྐྱལ་བ་དང་། ལམ་ཐག་ཧྲིལ་པོར་ཉིན་བཅུ་གཉིས་ལས་འགོར་གྱི་མེད།
         "སྔོན་ཆད་མཚོ་སྔོན་གྱི་བོད་རུམ་ཕྱི་ཕྱོགས་ལ་འཚོང་བར་ཐོག་མར་མཚོ་རྒྱུད་ཀྱི་གྲུ་ཁ་ཁག་ཏུ་དབོར་རྗེས་མཚོ་འདྲེན་ལ་བརྟེན་ནས་ཡོ་རོབ་དང་མེ་གླིང་སོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་ཏུ་ཕྱིར་གཏོང་བྱེད་ཀྱི་ཡོད་ལ་ལམ་ཐག་ཧྲིལ་པོར་ཟླ་གཉིས་འགོར་གྱི་ཡོད" "ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གཏོང་ཚུལ་རྒྱུན་རྣམ་ཅན་དུ་གྱུར་པ་དང་བསྟུན་ནས། མ་འོངས་པར་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་ལམ་རྒྱུད་དེ་བོད་རུམ་ཐོན་ལས་ཀྱི་ཁྲོམ་རའི་སྒུལ་ཤུགས་གསར་པར་འགྱུར་རྒྱུ་རེད"ཅེས་མཚོ་སྔོན་ཧི་མ་ལ་ཡ་ཁྱིམ་ཆས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དབང་ཡུས་ལིན་གྱིས་བརྗོད།
         "དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་རྒྱལ་ཁབ་ཁོ་ནར་མི་འབོར་དུང་ཕྱུར་30ཙམ་ཡོད་ལ་ཁོང་ཚོ་མང་ཆེ་བར་ས་གདན་འདིང་བའི་གོམས་སྲོལ་ཡོད་པས། འདི་ནི་གཏིང་ཤུགས་ཆེན་པོ་ཡོད་པའི་ཁྲོམ་རའི་བར་མཐོངས་ཤིག་རེད" "གལ་སྲིད་བོད་རུམ་ཐོན་ལས་ཀྱིས'རྒྱུད་གཅིག་ལམ་གཅིག'ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་ཐུབ་ཚེ་འཕེལ་རྒྱས་ཀྱི་གཏིང་ཤུགས་དེ་བས་ཆེ་བ་འདོན་རྒྱུ་རེད"ཅེས་ཀྲུང་གོ་འཁེལ་འཐག་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀའོ་ཡུང་གིས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།