འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅༎རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་སྐུ་ཚབ་ཚོགས་པས་ཉི་ཧོང་དུ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་13ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་6ཉིན་ནས་ཚེས་10ཉིན་བར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན། ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་རྡོ་རྗེ་ཚེ་རིང་གིས་ཚོགས་གཙོ་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་སྐུ་ཚབ་ཚོགས་པས་ཉི་ཧོང་དུ་མཛའ་མཐུན་འཚམས་འདྲི་བྱས་པ་རེད། འཚམས་འདྲི་གནང་རིང་། རྡོ་རྗེ་ཚེ་རིང་གིས་ཐོ་ཁེའོ་རུ་ཉི་ཧོང་གྱི་གྲོས་ཁང་གོང་མའི་དེ་སྔའི་གྲོས་དཔོན་ཉི་ཀྲུང་མཛའ་མཐུན་ཁང་གི་ཚོགས་གཙོ་ཅང་ཐེན་ཝུའུ་གཡོད་དང་ཉི་ཀྲུང་མཛའ་མཐུན་གྲོས་མིའི་མནའ་འབྲེལ་གྱི་དྲུང་ཆེ་ལིན་ཧྥང་ཀྲེང་དང་དེ་བཞིན་ཕྱི་ཕྱོགས་སྲིད་དོན་དཔོན་ཝུའུ་ཅིང་ཅུན་ཕུའུ་དང་མཇལ་འཛོམས་གནང་བ་མ་ཟད་ཛ་ཧོང་དུ་པེ་ཧའེ་ཏའོ་གྲོས་ཚོགས་ཀྱི་གྲོས་དཔོན་ཡོན་ཐེང་ལེན་དང་མཇལ་འཛོམས་ཀྱང་གནང་བ་རེད།
         རྡོ་རྗེ་ཚེ་རིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཉིའི་ཆབ་སྲིད་ཡིག་ཆ་བཞི་དང་རྩ་དོན་གྱི་ཐུན་མོང་ངོས་འཛིན་བཞིའི་རྨང་གཞིའི་ཐོག་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་ལ་ཕྱོགས་པའི་བསམ་པའི་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་བའི་འདོད་ཚུལ་འཛིན་གྱི་ཡོད། བོད་དང་འབྲེལ་བ་ཡོད་པའི་གནད་དོན་མཐའ་དག་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་ཡོད་ལ་ཀྲུང་གོའི་རྩ་བའི་ཁེ་ཕན་དང་མི་རིགས་ཀྱི་ལ་རྒྱ་དང་ཡང་འབྲེལ་བ་ཡོད། ཉི་ཧོང་ཕྱོགས་ཀྱིས་ཏཱ་ལའི་རུ་ཚོགས་ཀྱི་ཀྲུང་གོར་ངོ་རྒོལ་དང་ཁ་ཕྲལ་གཏོང་བའི་ངོ་བོར་ངོས་འཛིན་གང་ལེགས་བྱས་ཏེ་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་ཀྲུང་གོའི་རྩ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་ཏན་ཏིག་བྱེད་པ་དང་། ཀྲུང་ཉིའི་འབྲེལ་བའི་སྤྱི་ཡོངས་ནས་བསམ་བློ་བཏང་སྟེ་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་དང་། ཁོང་གིས་བོད་ཞི་བས་བཅིངས་འགྲོལ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་དུས་རབས་ཕྱེད་ཀ་ཙམ་སོང་རིང་། ཀྲུང་དབྱང་སྲིད་གཞུང་གི་ནུས་ཤུགས་ཡོད་རྒུའི་རྒྱབ་སྐྱོར་དང་། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་འཐབ་བཅས་ཀྱི་འོག་བོད་འདི་ཉིད་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་བདག་པོའི་མུན་ནག་དབང་སྒྱུར་ལས་ཐར་ཏེ་བཀག་སྡོམ་རྗེས་ལུས་ཀྱི་རྣམ་པར་རྩ་བའི་ཐོག་ནས་འགྱུར་ལྡོག་བྱུང་སྟེ་སྒོ་དབྱེ་དང་། ཤེས་དཔལ། འབྱོར་ཕྱུག་བཅས་ཀྱི་ལམ་བུར་ཟམ་མི་ཆད་པར་བསྐྱོད་ཡོད། མིག་སྔར་བོད་ཀྱི་བྱ་གཞག་ཁག་དར་རྒྱས་གོང་འཕེལ་དང་མི་རིགས་ཁག་གི་མི་དམངས་བདེ་སྡོད་ལས་བརྩོན་བྱུང་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་གོམ་པ་སྤོ་བཞིན་ཡོད་ཅེས་གསུངས་པ་རེད།
         ཅང་ཐེན་ཝུའུ་གཡོད་ཀྱིས་ཉི་ཀྲུང་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་མཐུན་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ། ཉི་ཧོང་གྱི་རྒྱལ་ཚོགས་དང་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དབར་དུས་བཀག་སྤེལ་རེས་ལམ་སྲོལ་བཙུགས་པས་ཕྱོགས་གཉིས་པོའི་འགྲོ་འོང་ཟབ་ཏུ་ཕྱིན་ཡོད། ཉི་ཀྲུང་མཛའ་མཐུན་ཚོགས་པ་བདུན་གྱི་གྲས་ཤིག་ཡིན་པའི་ཉི་ཀྲུང་མཛའ་མཐུན་ཁང་གིས་ཀྱང་དུས་གཏན་ཐོག་ཀྲུང་གོའི་ལས་རིགས་ཁག་གི་ན་གཞོན་གྲོགས་པོ་ཉི་ཧོང་དུ་འཚམས་འདྲིར་ཡོང་རྒྱུར་གདན་དྲངས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་བསམ་ཤེས་དང་མཛའ་མཐུན་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་གི་ཡོད་ཅེས་བཤད་པ་རེད།
         ལིན་ཧྥང་ཀྲེང་དང་ཝུའུ་ཅིང་ཅུན་ཕུའུ་ཡིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་སྐུ་ཚབ་ཚོགས་པ་ཉི་ཧོང་དུ་འཚམས་འདྲིར་ཕེབས་པ་དེས་ཉི་ཧོང་ཕྱོགས་ལ་བོད་ཀྱི་གནས་ཚུལ་དངོས་རྒྱུས་མངའ་ལོན་རྒྱུར་གོ་སྐབས་དཀོན་པོ་ཞིག་མཁོ་འདོན་བྱས་ཡོད། ཉི་ཧོང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་བཏང་སྟེ་ཉི་ཀྲུང་འབྲེལ་བ་རྒྱུན་མཐུད་ལེགས་སུ་དང་གོང་འཕེལ་གཏོང་འདོད་ཡོད་ཅེས་བཤད་པ་རེད།
         ཉི་ཧོང་དུ་བཞུགས་རིང་། སྐུ་ཚབ་ཚོགས་པས་ད་དུང་ཉི་ཧོང་གི་མཁས་དབང་དང་། ཕྱི་ཁོངས་ཀྲུང་གོ་བའི་དགེ་རྒན་ཆེ་མོ་བ། ཕྱིར་སྡོད་རང་མིའི་གཙོ་འཛིན་སོགས་དང་བཞུགས་མོལ་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།