འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་དུ་མཐོ་རྒྱུགས་ནང་ཞུགས་མཁན་མི་གྲངས་ལོ་རྒྱུས་ཐོག་གི་མང་ཤོས་ཟིན་པ།

    ཞིང་འབྲོག་པའི་རྒྱུགས་སྤྲོད་སློབ་མས་རྒྱུགས་སྤྲོད་སློབ་མ་དཀྱུས་མའི་བསྡུར་གྲངས་ཀྱི་བཅུ་ཆ་བརྒྱད་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་09ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་7ཉིན་བོད་ཀྱིས་2017ལོའི་རྒྱལ་ཡོངས་མཐོ་རྒྱུགས་ཀྱི་ཉིན་དང་པོ་བསུས་ཤིང་། ཉིན་དེའི་ཞོགས་པ་སྔ་པོ་ནས་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་གི་རྒྱུགས་སྤྲོད་སློབ་མས་དགེ་རྒན་དང་ཁྱིམ་བདག་མཉམ་དུ་གྲོང་ཁྱེར་ནང་ཁུལ་དུ་བཙུགས་པའི་རྒྱུགས་གནས་་7དུ་གཅིག་རྗེས་གཉིས་མཐུད་ངང་བསྐྱོད་དེ་ཡིག་རྒྱུགས་དང་པོ་དེ་བསུས་པ་རེད།
           གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་བོད་དུ་མཐོ་རྒྱུགས་ལ་མིང་ཐོ་འགོད་མཁན་སློབ་མ་28517ཟིན་པ་དེ་ན་ནིང་ལས་སློབ་མ་4541འཕར་ནས་ལོ་རྒྱུས་ཀྱི་མཐོ་གསར་བཏོད་ཡོད། ཞིང་འབྲོག་པའི་རྒྱུགས་སྤྲོད་སློབ་མས་རྒྱུགས་སྤྲོད་སློབ་མ་དཀྱུས་མའི་བསྡུར་གྲངས་ཀྱི་བཅུ་ཆ་བརྒྱད་ཟིན་ཡོད་པ་རེད།
          ཡིག་རྒྱུགས་བདེ་བླག་ཡོང་ཆེད་བོད་ཀྱི་སྤྱི་བདེ་དང་སྨན་བཅོས་སོགས་སྡེ་ཚན་གྱིས་བྱ་ཐབས་སྣ་མང་སྤྱད་ཡོད་པ་རེད།
          གསར་འགོད་པས་ལྷ་ས་སློབ་འབྲིང་གི་རྒྱུགས་རའི་ཕྱི་རོལ་ནས་སྤྱི་བདེ་ཚན་པས་ཞབས་ཞུའི་ས་ཚིགས་བཙུགས་ཏེ་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ཚོར་ཆུ་འཁོལ་དང་ངལ་གསོ་རྒྱག་ས་མཁོ་འདོན་བྱས་པ་མ་ཟད། འཕྲལ་སྡོམ་ཞབས་ཞུའི་ཐད་གཏོང་རླངས་འཁོར་རྒྱུགས་རའི་ཕྱི་རོལ་དུ་བཀའ་བསྒུགས་ནས་བསྡད་ཡོད་པ་མཐོང་བྱུང་།
         བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གི་ཡོན་ཀྲང་ཁང་ལེང་ཧྭ་ཡིས་བོད་ཀྱིས་མཐོ་རྒྱུགས་དཀྱུས་མའི་སློབ་བསྡུའི་འཆར་གཞིའི་ནང་དབུལ་ཕོངས་ཆེད་དོན་འཆར་གཞི་དང་གྲོང་གསེབ་ཀྱི་ཆེད་དོན་འཆར་གཞི་བཙུགས་ཏེ་ཞིང་འབྲོག་པའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་ཚང་དབུལ་པོའི་རྒྱུགས་སྤྲོད་སློབ་མར་ཕྱོགས་ནས་གཟིགས་སྐྱོང་བྱས་ཡོད་ཅེས་བཤད།
         ཉེ་བའི་ལོ་ཤས་རིང་། བོད་ཀྱིས་མ་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཞིང་འབྲོག་པ་དང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་བུ་ཕྲུག་སློབ་ཆེན་འགྲིམ་པའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་རམ་འདེགས་བྱས་ཡོད། མིག་སྔར་བོད་ཀྱིས་ལོ་15ཡི་རིན་མེད་སློབ་གསོའི་མ་ལག་བཙུགས་ནས་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་བར་ཚང་མར་སློབ་ཡོན་དང་། ཉལ་ཁང་གི་རིན་པ། སློབ་ཡོན་ཙག་ཙིག་བཅས་རྩ་ཆག་བཏང་བ་མ་ཟད། ཞིང་འབྲོག་པའི་བུ་ཕྲུག་ལ་ལྟོ་ཆས་འགན་ལེན་དང་། ཉལ་ཁང་འགན་ལེན། སློབ་ཡོན་འགན་ལེན་བཅས“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་པ་དང་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་སློབ་ཡོན་མི་དགོས་པར་སློབ་ཆེན་འགྲིམ་ཐུབ་པ་བྱས་ཡོད་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།